ཡུལ་ཤུལ་རྫ་སྟོད་གྲོང་རྡལ་དུ་བོད་མི་གཉིས་ནས་རང་ལུས་མེར་བསྲེག

བསྟན་འཛིན་མཁས་གྲུབ་དང་ངག་དབང་ནོར་འཕེལ་གྱིས་རྒྱ་གཞུང་ལ་་ངོ་རྒོལ་བྱས།

བསྟན་འཛིན་མཁས་གྲུབ་དང་ངག་དབང་ནོར་འཕེལ་གྱིས་རྒྱ་གཞུང་གི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་པའི་གནས་ཚུལ། བོད་ནས་འཏང་འབྱོར།

༄༅༎དེ་རིང་ཕྱི་ཟླ་༦ཚེས་༢༠རེས་གཟའ་ལྷག་པའི་ཉིན་ཁམས་ཡུལ་ཤུལ་རྫ་སྟོད་གྲོང་རྡལ་དུ་བོད་མི་གཉིས་ཀྱིས་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེ་བསྲེག་བཏང་ཡོད་པ་དང༌།  བསྟན་འཛིན་མཁས་གྲུབ་ལགས་འདས་གྲོངས་ཕྱིན་ཏེ་ཁོང་གི་སྐུ་ཕུང་ཟིལ་དཀར་དགོན་དུ་འཁྱེར་ཏེ།ད་ལྟ་དགོན་པར་སྨོན་ལམ་ཚོགས་བཞིན་པ་དང༌།ངག་དབང་ནོར་འཕེལ་ལགས་ད་ལྟ་སྨན་ཁང་དུ་ཡོད་པ་རེད།
རྒྱ་གར་ལྷོ་ཕྱོགས་གདན་ས་སེར་བྱེས་ལྡན་མ་ཁང་ཚན་དུ་སློབ་གཉེར་གནང་བཞིན་པ་སྐུ་ཞབས་བློ་བཟང་སངས་རྒྱས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་དུ་ངོ་སྤྲོད་གནང་བའི་ནང༌།དེ་རིང་ཕྱི་དྲོའི་ཚོུད་༣ དང་ཕྱེད་ཀའི་ཐོག་ལོ་༢༢ ཡིན་པའི་ངག་དབང་ནོར་འཕེལ་ལགས་དང༌། ལོ་༢༤ཡིན་པའི་བསྟན་འཛིན་མཁས་གྲུབ་ལགས་གཉིས་ཀྱིས་ཁམས་ཡུས་ཤུལ་རྫ་སྟོད་གྲོང་རྡལ་དུ་རང་ལུས་མེ་བསྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ཡོད་པ་དང༌།ངག་དབང་ནོར་བུ་ལགས་ནི། ཨ་མོད་རྔ་བ་རྫོང་ནས་ཡིན་པ་དང༌། ཕ་ཡི་མཚན་ལ་ལྷག་པ་དོན་གྲུབ་དང༌། མ་ཡི་མཚན་ལ་ཚེ་རིང་དབྱངས་ཅན་ཞུ་བ་ཡིན་ཞིང༌།ངག་དབང་ནོར་བུ་ལགས་ལོ་ཤས་གོང་ཡུལ་ཤུལ་རྫ་སྟོད་དུ་ཡོང་སྟེ་གནས་སྡོད་བྱེད་མཁན་ཞིག་ཡིན་པ་རེད། བསྟན་འཛིན་མཁས་གྲུབ་ལགས་ནི།ཁམས་ཡུས་ཤུལ་གྱི་ཁྲི་འདུ་རྫོང་ཉ་མཚོ་སྡེ་བའི་སྐམ་ཡུལ་རུ་ཁག་གསུམ་པ་ནས་ཡིན་པ་དང༌།ཁོང་གི་ཕ་ཡི་མཚན་ལ་ལེགས་གྲུབ་དང་མ་ཡི་མཚན་ལ་སྐྱིད་འཛོམས་ཡིན་ཞིང༌། དེ་སྔོན་ཟིལ་དཀར་དགོན་པའི་དགེ་འདུན་པ་ཡིན་ཡང་༢༠༠༦ ལོར་སྐྱ་སར་བབས་པ་ཞིག་ཡིན་པ་རེད།ཉེ་ཆར་ཁོང་གཉིས་ཀྱིས་ཞལ་ཆེམ་ཡི་གེ་ཞིག་བཞག་ཡོད་པ་དང༌། དེའི་ནང་དུ་ངེད་གཉིས་ལ་མཚོན་ན་བོད་ཀྱི་ཆོས་དང་རིག་གནས་སོགས་གང་ལ་ནུས་པ་འདོན་མི་ཐུབ་ཅིང༌།དཔལ་འབྱོར་གྱི་ཕྱོགས་ནས་བོད་མི་དམངས་ལ་ཕན་པའི་ལས་ཀ་ཅི་ཡང་བྱེད་མི་ཐུབ་པར་བརྟེན།ངེད་གཉིས་ཀྱིས་རང་རང་སོ་སོའི་ནུས་ཚོད་ཀྱིས་བོད་མི་རིགས་དང་ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བར་བརྟན་པ་དང༌། མྱུར་དུ་བོད་ལ་༸ཞབས་སོར་འཁོད་ཐུབ་པའི་རམ་འདེགས་སུ་རང་ལུས་མེ་བསྲེགས་གཏོང་རྒྱུའི་ལམ་ཁ་དེ་འདེམས་པ་ཡིན། ངེད་གཉིས་དང་འདྲ་བའི་བོད་ཀྱི་གཞོན་སྐྱེས་ཚོར་ཞུ་རྒྱུའི་སྙིང་དོན་ལ།ང་ཚོའི་བོད་མི་ནང་ཁུལ་དུ་རྒྱག་རེས་རྒྱག་རྒྱུ་དང༌།ནང་ཁུལ་རྩོད་པ་བྱེད་རྒྱུའི་བྱ་སྤྱོད་རིགས་ནམ་ཡང་མ་བྱེད་པའི་དམ་བཅའ་དང༌། ཚང་མ་རྡོག་རྩ་གཅིག་སྒྲིལ་གྱིས་བོད་མི་རིགས་ཀྱི་ལ་རྒྱ་འཛིན་ཐུབ་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་ཅེས་བྲིས་གནང་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org