མགྲིན་རྒྱས་སྔོ་ཟོར་མའི་གཏེར་ཁ།
མགོ་ལོག་ཁུལ་གྱི་མགྲིན་རྒྱས་སྔོ་ཟོར་མ་ནས་རྒྱ་མིས་གཏེར་ཁ་བསྔོག་འདོན་བྱེད་རྩིས་བྱས་པར་བོད་མིས་བཀག་སྡོམ་བྱས།
-
2012-08-29 -
-
-
Your browser doesn’t support HTML5 audio
༄༅༎མདོ་སྨད་མགོ་ལོག་དགའ་བདེའི་གཙང་སྐོར་ཞོལ་མའི་གནས་རི་གྲགས་ཅན་ཞིག་ནས་རྒྱ་མིས་གཏེར་བསྐོར་བསྔོག་འདོན་བྱེད་རྩིས་བྱས་པར་ས་གནས་མང་ཚོགས་ཀྱིས་མཚན་མོར་གུར་སོགས་མེར་བསྲེག་བཏང་བར་བརྟེན་བར་སྐབས་རིང་མཚམས་འཇོག་བྱས་འདུག
འདི་གར་ཕ་ཡུལ་མགོ་ལོག་ནས་ཡིན་པའི་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ད་ལོའི་སྤྱི་ཟླ་བརྒྱད་པའི་ཚེས་ ༡༠ ཡས་མས་ཞིག་ལ། རྒྱ་མི་གསེར་བསྐོ་བོད་ནང་གཏེར་ཁ་སྔོགས་འདོན་བྱེད་མཁན་ཁ་ཤས་མགོ་ལོག་དགའ་བདེ་གཙང་སྐོར་ཞོལ་མའི་རི་ཆེན་དང་པོའི་གནས་རི་གྲགས་ཅན་མགྲིན་རྒྱས་སྔོ་ཟོར་མ་ཞེས་བའི་རྫ་འདབ་ཀྱི་མགྲིན་རྒྱས་དེའུ་ལུ་ཞེས་པའི་ལུང་བ་ཞིག་ཡོད་པ་དེའི་ནང་དུ་ཐོན་ནས་གཏེར་ཁ་སྔོག་རྩིས་བྱས་བ་དང་། དེ་རྗེས་ས་གནས་གཞི་རིམ་གྱི་འབྲེལ་ཡོད་དཔོན་རིགས་ཀྱིས། མང་ཚོགས་ལ་འཚོགས་འདུ་ཆུང་ཆུང་ཞིག་བསྡུས་ནས་། གསེར་བསྐོ་རྣམས་ལ་གཏོར་བརླག་བྱེད་མི་ཆོག་པ་དང་ཁོང་ཚོར་རྒྱབ་སྐྱོར་བྱེད་དགོས་ འདི་རྒྱལ་ཁབ་ཀྱི་ལས་གཞི་ཞིག་རེད་ཅེས་བཤད་འདུག
ཚོགས་འདུ་གྲོལ་རྗེས་ཉིན་གཉིས་ཀྱི་རྗེས་སུ་མཚན་མོར་གསེར་བསྐོ་རྣམས་ཀྱི་གུར་མེར་བསྲེགས་བཏང་འདུག་ཀྱང་། ཁོང་ཚོ་སྔ་ས་ནས་བྲོས་ཟིན་པས་མི་ལ་གནོད་སྐྱོན་གང་ཡང་བྱུང་མེད་ལ། ཁོང་ཚོར་ལྐོག་བརྡ་སྤྲོད་མཁན་དང་། མེ་གཏོང་མཁན་སུ་ཡིན་ད་དུང་ཤེས་རྟོགས་བྱུང་མེད་ཟེར།
དེ་ནས་ཟླ་འདིའི་ཚེས་ ༡༤ ཉིན། གཙང་སྐོར་ཞོལ་མའི་རུ་ཆེན་བཞིའི་མི་མང་ཡོངས་རྫོགས་གནས་རི་མགྲིན་རྒྱས་སྔོ་ཟོར་མའི་འགྲམ་དུ་འཛོམས་སྐབས།གསེར་བསྐོ་རྣམས་ཀྱིས་གུར་དང་བཅའ་དངོས་ཡོངས་རྫོགས་ཁྱེར་ནས་བྲོས་ཚར་འདུག་པས། མི་མང་གིས་མགྲིན་རྒྱས་སྔོ་ཟོར་མར་ལབ་ཙེ་བསྟད་པ་རླུང་རྟ་གཏོར་བ་བསང་གསོལ་རྒྱ་ཆེར་བྱས་རྗེས། མང་ཚོགས་རང་ངོས་ནས་གྲོས་ཁ་བྱས་ནས།
རི་ཆེན་གཉིས་ཀྱིས་མགྲིན་རྒྱས་སྔོ་ཟོར་མའི་ལུང་མདོ་དང་། རུ་ཆེན་གཉིས་ཀྱིས་དཀྱུས་རིའི་ལུང་མདོ་ནས་ས་བསྲུང་བྱེད་རྒྱུ་གཏན་ཁེལ་བྱས་ཏེ།
ད་སྐབས་རི་ཆེན་སོ་སོའི་མི་སྣ་བཅུ་ཕྲག་དུ་མས་ཉིན་མཚན་མེད་པར་གོང་གི་ལུང་བ་གཉིས་ཀྱི་མདོ་ནས་ས་བསྲུང་བྱས་ཏེ་བསྡད་ཡོད་ཟེར།
དེ་རྗེས་སུ་དགའ་བདེ་རྫོང་གི་རྫོང་དཔོན་གཞོན་པ་ཞིག་དང་། འབྲེལ་ཡོད་གསེར་བསྐོ་རུ་ཁག་དེའི་མགོ་གཙོ་ཡིན་ཟེར་བ་སོགས་མི་ཁ་ཤས་སླེབས་ནས། མི་མང་ལ་སློབ་གསོ་བྱས་ཏེ་གསེར་བསྐོར་རྣམས་ལ་རྒྱབ་སྐྱོར་བྱེད་དགོས་ཚུལ་བཤད་ཀྱང་། མི་མང་གིས་མགྲིན་རྒྱས་སྔོ་ཟོར་མ་ང་ཚོའི་གནས་རི་ཡིན། འདི་འབྲོག་པའི་ཕྱུག་ལྷ་ཡིན། ང་ཚོ་འབྲོག་སྡེ་འདིས་བསྟེན་པའི་ཡིད་དམ། བསྒྲུབ་པའི་ཆོས་སྐྱོང་ཡིན་པས། གནས་རི་འདིའི་ཐོག་ནས་ས་ལག་མཐུལ་ཙམ་ཞིག་སྐོ་མི་ཆོག རྡོ་མཐེབ་རྡོག་ཙམ་ཞིག་ཁྱེར་མི་ཆོག་ཅེས་བཤད་དེ་གཏན་ནས་ཁས་ལེན་བྱས་མི་འདུག
ད་དུང་གཙང་སྐོར་ཞོལ་མའི་མི་མང་གིས། གཙང་སྐོར་ཞོལ་མའི་དབུ་བླ་གཙང་བ་ལྕགས་མདུད་ཚང་རིན་པོ་ཆེར་ཡར་ཞུ་བྱས་ཏེ། གནད་དོན་འདིའི་ཐད་ཁྱེད་ཀྱིས་ཀྱང་ཐུགས་བསམ་བཞེས་དགོས། དེང་སང་རང་ས་རང་སྐྱོང་ཡིན་ཟེར་གྱིན་ཡོད། རང་ས་རང་སྐྱོང་ཡིན་ན་རང་ས་རང་གིས་བདག་བྱེད་ཆོག་དགོས། འདི་མ་ཆོག་ན་རང་ས་རང་སྐྱོང་ཟེར་བ་སྐྱག་རྫུན་རེད། ལྷག་པར་དུ་དེང་སང་འཛམ་གླིང་གང་སར་ཁོར་ཡུག་བསྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བཞིན་པའི་སྐབས་འདིར། ང་ཚོའི་ཕ་ས་ལུ་གུའི་ཚ་རི་འདྲ་བོ། མ་ས་མ་མོའི་བྲང་ལྤགས་འདྲ་བོ། ཤ་ཚ་མེད་པར་བསྐོས་སོང་ན། སེར་སྣ་མེད་པར་གཏེད་སོང་ན། རང་སྲོག་རྟ་རྔ་འདྲ་བོ་ཤོར་སོང་རུང་། རང་ང་མི་སྡོད་ཐག་ཆོད་ཡིན་ཞེས་ཡར་ཞུ་ཐེངས་མང་བྱས་འདུག
དེར་བརྟེན་ད་ལྟའི་ཆར་གྲགས་འགུལ་མེད་པར་གནས་ཡོད་ནའང་། གཙང་ཞོལ་མའི་རུ་ཆེན་བཞི་ཡི་མི་སྣས་རེས་མོས་བྱས་ཏེ། ཉིན་མཚན་མེད་པར་མགྲིན་རྒྱས་ལུང་མདོ་དང་། དཀྱུས་རིའི་ལུང་མདོ་གཉིས་བསྲུང་ནས་བསྡད་འདུག་ཟེར། གནས་རི་མགྲིན་རྒྱས་སྔོ་ཟོར་མ་ཞེས་བ་ནི།ས་གནས་དེའི་གཞི་བདག་གནས་རི་གྲགས་ཅན་ཞིག་ཡིན་ལ། རི་རྩེ་རྫ་དང་། རི་སྐེད་སྤང་། རི་འདབ་མཚོའུ་བརྒྱན་པའི་གནས་རི་ཡིད་དུ་ཡོང་བ་ཞིག་ཡིན་པ་མ་ཟད། ས་གནས་མི་མང་གིས། འབྲོག་པའི་ཕྱུག་ལྷ་མཐུ་རྩལ་ཅན་ཞིག་ལ་ངོས་འཛིན་དང་ཡིད་ཆེས་བྱེད་བཞིན་ཡོད་ཅེས་གནས་ཚུལ་ཡོངས་ཁུངས་ནས་བརྗོད་འདུག།