ཕྱི་དྲིལ་བཀའ་བློན་མཆོག་གིས་དྲ་ཐོག་ནས་བོད་དོན་གླེང་བ།

ཕྱི་དྲིལ་བཀའ་བློན་མཆོག་གིས་ད་ལྟའི་བོད་ཀྱི་འབྲེལ་ཡོད་གནས་སྟངས་སྐོར་དྲ་རྒྱ་བརྒྱུད་ཕྱི་རྒྱལ་སློབ་ཕྲུག་དང་ཐད་ཀར་གླེང་མོལ་གནང་འདུག

༢༠༡༤།༤།༨ཉིན་ཕྱི་དྲིལ་བཀའ་བློན་མཆོག་གིས་དྲ་ཐོག་ནས་བོད་དོན་གླེང་བཞིན་པ། པར། བོད་མིའི་སྒྲིག་འཛུགས།

ཕྱི་དྲིལ་བཀའ་བློན་མཆོག་གིས་ད་ལྟའི་བོད་ཀྱི་འབྲེལ་ཡོད་གནས་སྟངས་སྐོར་དྲ་རྒྱ་བརྒྱུད་ཕྱི་རྒྱལ་སློབ་ཕྲུག་དང་ཐད་ཀར་གླེང་མོལ་གནང་འདུག
དེ་ཡང་ཕྱི་ཚེས་༨ཉིན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་བྱང་ཨ་རིའི་མེཀ་སི་ཀོ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་Monterreyགཙུག་ལག་སློབ་གྲྭའི་འཕྲུལ་རིག་སྡེ་ཚན་གྱི་དགེ་ལས་སློབ་མ་གྲངས་༦༥ ཙམ་ལ་དྲ་རྒྱའི་བརྙན་འཕྲིན་བརྒྱུད་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་དུ་རྒྱ་ནག་གཞུང་ནས་བོད་ནང་དམ་བསྒྲཌ་ཅན་གྱི་སྲིད་ཇུས་སྐོར་ཐད་ཀར་གླེང་མོལ་གནང་ཡོད་པ་རེད། དྲ་རྒྱའི་གླེང་མོལ་དེའི་སྐབས་ཕྱི་དྲིལ་བཀའ་བློན་མཆོག་གིས་ཕྱི་ལོ་༢༠༠༨ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་ རྒྱ་ནག་གཞུང་གིས་དམ་བསྒྲཌ་ཤུགས་ཆེར་བཏང་བའི་རྐྱེན་ཕྱི་ལོ་༢༠༠༩ནས་ད་བར་བོད་མི་ ༡༢༩ རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། བོད་མི་དེ་དག་གིས་རང་ལུས་མེར་བསྲེག་གཏོང་སྐབས་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པའི་འབོད་ཚིག་བསྒྲགས་པ་གསལ་བསྟོན་གནང་པ་དང་ཆབས་ཅིག་ བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་དང་ལྷན་དབུ་མའི་ལམ་གྱི་སྲིད་བྱུས་འོག་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་གཞིར་བཟུང་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད་པ་གསུངས་འདུག གཞན་ཡང་སྐབས་དེར་ཕྱི་རྒྱལ་སློབ་ཕྲུག་ལྷན་དང་དྲ་རྒྱའི་གླེང་མོལ་དེའི་ཐོག་ བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཆེད་ལས་པ་བསྟན་པ་རྒྱལ་མཚན་ལགས་ཀྱིས་ གོ་ལའི་གནམ་གཤིས་འགྱུར་ལྡོག་འགྲོ་བཞིན་པ་དེས་མཐོ་སྒང་བོད་ཀྱི་གནམ་ཤིས་ལ་དོ་ཕོག་ཇི་བྱུང་དང་། རྒྱ་ནག་གཞུང་གིས་ཞིང་འབྲོག་ས་ཁུལ་ནས་བོད་མི་རྣམས་བཙན་ཤེད་ཀྱིས་གཞིས་སྤོས་བྱེད་དུ་བཅུག་པ་དང་། བོད་ཀྱི་རྒྱུག་ཆུ་དང་གཙང་ཆུ་ཁག་ལ་ཆུ་རགས་རྒྱག་པ་དང་ཆུ་ཁ་བསྒྱུར་བྱས་པ། བོད་ཀྱི་རང་བྱུང་གཏེར་ཁ་གང་བྱུང་སྔོག་འདོན་བྱེད་བཞིན་པ། ཤིང་ནགས་གཅོད་བྲེག་བྱེད་བཞིན་པ་སོགས་ཁོར་ཡུག་ལ་གཏོར་སྐྱོན་གྱི་གནས་སྟངས་སོགས་འགྲེལ་བརྗོད་གནང་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org