ཡུ་གུར་བ་ཚོ་དགྲ་བོ་དང་གདོན་འདྲེར་བརྩི་རྒྱུ་དོར་དགོས།
གལ་ཏེ་ཤིན་ཅང་ཁུལ་གྱི་དོན་རྐྱེན་ཉུང་དུ་གཏོང་དགོིས་ན་རྒྱ་ནག་གིས་ཡུ་གུར་བ་ཚོའི་འགྲོ་བ་མིའི་ཐོབ་ཐང་ཐད་བསམ་ཞིབ་བྱེད་དགོས་ཟེར།
-
2014-03-04 -
-
-
གལ་ཏེ་ཤིན་ཅང་ཁུལ་གྱི་དོན་རྐྱེན་ཉུང་དུ་གཏོང་དགོིས་ན་རྒྱ་ནག་གིས་ཡུ་གུར་བ་ཚོའི་འགྲོ་བ་མིའི་ཐོབ་ཐང་ཐད་བསམ་ཞིབ་བྱེད་དགོས་ཟེར།
དེ་ཡང་རྒྱ་ནག་གི་ལྷོ་ནུབ་གྲོང་ཁྱེར་ཁོན་མིན་ནང་ཉེ་ཆར་ལག་ཏུ་གྲི་ཐོགས་པའི་མི་འགའ་ཞིག་གིས་ཁུལ་དེའི་མེ་འཁོར་འབབ་ཚུགས་ནང་དྲག་ཟིང་སློང་པའི་ཁྲོད་ཕར་རྒོལ་བ་བཞི་ཐེ་བའི་ཁྱོན་མི་གྲངས་༣༣ ཙམ་རྐྱེན་ལམ་དུ་སོང་ཡོད། དེའི་རྗེས་བྱེད་གཏེ་དེ་དག་རྒྱ་ནག་གི་དབང་བསྒྱུར་འོག་ནས་རང་དབང་རྩོད་ལེན་བྱེད་མཁན་ཡུ་གུར་མི་རིགས་ཚོ་ཡིན་ལུགས་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཡོད་པ་རེད། ཡིན་ནའང་འཛམ་གླིང་ཡུ་གུར་ཚོགས་པའི་འགོ་ཁྲིད་ལྕམ་Rebia Kadeerཡུ་གུར་བ་ཚོ་རྒྱ་ནག་གཞུང་གིས་གདོན་འདྲེ་ལྟ་བུར་བརྩི་མི་རུང་བ་དང་། གལ་ཏེ་ཤིན་ཅང་ཁུལ་ལ་ཛ་དྲག་གི་དོན་རྐྱེན་ཉུང་དུ་གཏོང་བར་གཙོ་བོ་ཡུ་གུར་བ་ཚོར་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྤྲོད་ཕྱོགས་ཐད་བསམ་གཞིགས་བྱེད་གལ་ཆེ་བ་བཤད་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐབས་སྡུག་ཡོད་པ་རྒྱ་ནག་གིས་ངོས་ལེན་དང་། ལྷག་དོན་རྒྱ་ནག་གིས་གནད་དོན་དེའི་ཐད་ལ་རྒྱུ་མཚན་ལྡན་པའི་ཐོག་ནས་སྤྱོད་ཚུལ་བཟུང་སྟེ་ཐག་གཅོད་བྱེད་དགོས་པ་ལས་ཡུ་གུར་བ་ཚོ་རྒྱལ་ཁབ་ཀྱི་དགྲ་བོ་ཡིན་ལུགས་དང་གདོན་འདྲེར་བརྩི་རྒྱུ་དོར་དགོས་ཞེས་གཏམ་བཤད་སྤེལ་གནང་འདུག
རྒྱ་ནག་གཞུང་གིས་ཤིན་ཅང་ནང་གི་ཡུ་གུར་བ་ཚོ་ནི་ཤར་ཏུར་ཀིསིཏན་ཞེས་པའི་རང་དབང་ཅན་གྱི་རྒྱལ་ཁབ་ཤིག་གི་ངོ་བོར་བསྒྱུར་ཐབས་བྱེད་མཁན་དྲག་སྤྱོད་པ་རེད་ཞེས་ཁོང་ཚོའི་ཐོག་ཏུ་དམ་དྲག་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་དང་ཆབས་ཅིག་ཁོན་མིང་ནང་གི་དོན་རྐྱེན་གྱི་རྗེས་སུ་མི་རིགས་དབར་གྱི་མཐུན་སྒྲིལ་དགོས་གལ་ཆེ་བའི་སྐོར་ལའང་རྒྱ་ནག་གཞུང་གིས་བཤད་ཡོད་པ་རེད།
གསར་འགོད་པ་འབེན་པ་སྟོབས་རྒྱལ།