དགེ་འདུན་པ་གར་སོང་ཆ་མེད།
2009.06.26

༄༅༎བོད་ཀྱི་འབྲས་སྤུངས་དགོན་པའི་མིང་འདོན་གནང་འདོད་མེད་པའི་དགེ་འདུན་པ་ཞིག་ནས་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན།འབྲས་སྤུངས་དགོན་པའི་དགེ་འདུན་པ་དཀོན་མཆོག་ཉི་མ་ནིང་ཟླ་བ་གསུམ་པའི་ནང་ཐོན་པའི་དོན་རྐྱེན་འདིིའི་ཁྲོད་ནས་ག་སོང་ཆ་མེད་དུ་གྱུར་ཏེ་ད་ལྟ་བར་ལོ་ངོ་གཅིག་ལྷག་ཙམ་འགྲོ་ཡི་ཡོད་པ་རེད།ཁོང་ན་་ནི་ནང་ཆོས་སྐུ་ཡོན་མཐོ་པོ་ཡོད་པ་དང་དགེ་ཕྲུག་ཡང་མང་པོ་ཡོད་པ་མ་ཟད།བོད་ཀྱི་འབྲས་སྤུངས་དགོན་པའི་དོ་དམ་ལྷན་ཁང་གི་འཛིན་སྐྱོང་མི་སྣ་ཞིག་ཀྱང་ཡིན་པ་རེད། ན་ནིང་ཟླ་༣ཚེས་༡༠ཉིན་འབྲས་སྤུངས་དགོན་པའི་དགེ་འདུན་པ་བརྒྱ་ཕྲག་ནས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་སྐབས་སྐུ་ཞབས་དཀོན་མཆོག་ཉི་མ་ནས་དགེ་འདུན་པ་ཚོའི་བདེ་འཇག་ལ་དམིགས་ནས་སློབ་གསོ་སྐྱོན་མྱོང་ཡོད་པ་རེད། ཟླ་བ་གཅིག་སོང་བའི་རྗེས་སྤྱི་ཟླ་༤ཚེས་༡༠ཉིན་གྱི་མཚན་མོ་གློ་བུར་དུ་འབྲས་སྤུངས་དགོན་པར་ལག་ཏུ་མཚོན་བཟུང་བའི་དམག་མི་སྟོང་ཕྲག་མང་པོ་སླེབས་ནས་ཁྱོན་དགེ་འདུན་པ་༧༠༠ལྷག་ཙམ་འཇུ་བཟུང་བྱས་ཡོད་པ་ཚང་མ་བོད་ཀྱི་ཁམས་དང་ཨ་མདོ་ནས་དཔེ་ཆ་གཟིགས་པར་ཕེབས་མཁན་ཤ་སྟག་ཡིན་པ་དང་ཁོང་རྣམས་ཚང་མ་ལྷ་སའི་ཉེ་འགྲམ་གྱི་བརྙེས་ཐང་སོ་པག་བཟོ་གྲའི་ནང་བཅུག་ཡོད་པ་རེད། དེའི་ནང་ལ་སྐུ་ཞབས་དཀོན་མཆོག་ཉི་མ་དང་དེ་མིན་དགེ་བཤེས་གཅིག་ཡོད་པ་ཁོང་གཉིས་ནི་འབྲས་སྤུངས་དགོན་པའི་གལ་ཆེའི་མི་སྣི་གྲས་ཡིན་པ་རེད་འདུག སྐུ་ཞབས་དཀོན་མཆོག་ཉི་མ་འདི་ལོ་དགུང་གྲངས་༤༠ཕེབས་ཀྱི་ཡོད་པ་དང་ཕ་ཡུལ་ཨ་མདོ་ཐེ་བོ་ནས་ཡིན་ཞིང་འབྲོག་པའི་ཁྱིམ་ཚང་ཞིག་རེད་འདུག ཤེས་རྟོག་བྱུང་བར་གཞིགས་ན། གཞུང་ཕྱོགས་ནས་ཁོང་ནི་ན་ནིང་ཟླ་༣ཚེས་༡༠ཉིན་འབྲས་སྤུངས་དགོན་པའི་དགེ་འདུན་པས་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐར་གོ་སྒྲིག་བྱ་མཁན་དང་ཇུས་འགོད་བཏོན་མཁན་ཡིན་པར་ཉེས་བཙུགས་བྱེད་ཀྱི་ཡོད་པ་ཡིན་རུང༌།འབྲས་སྤུངས་དགོན་པའི་དགེ་འདུན་པས་འདི་ནི་དངོས་ཡོད་གནས་ཚུལ་མིན་པར་བརྗོད་ཀྱི་འདུག འདས་པའི་ལོ་གཅིག་ལྷག་ཙམ་རིང་སྐུ་ཞབས་དཀོན་མཆོག་ཉི་མའི་གནས་ཙུལ་གང་ཡང་གོ་རྒྱུ་མེད་པར་ག་སོ་ཆ་མེད་དུ་སོང་ཡོད་པ་མ་ཟད།འཆི་གསོན་གྱི་གནས་ཚུལ་ཡང་ཤེས་རྟོག་མེད་པས་ཁོང་གི་ཕ་ཡུལ་གྱི་སྤུན་མཆེད་ཚོས་དེ་སྔ་རྩད་གཅོད་བྱེད་པར་གང་སར་སྐྱོད་ཡོད་པ་ཡིན་རུང་གནས་ཚུལ་གང་ཡང་ཤེས་རྟོག་ཐུབ་རྒྱུ་མེད་པ་རེད་འདུག དེར་བརྟེན་འབྲས་སྤུངས་དགོན་པའི་དགེ་འདུན་པ་མང་ཆེ་བས་ཁོང་གི་གནས་སྟངས་ཐོག་དོ་སྣང་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་འདིར་དོ་སྣང་རོགས་སྐྱོར་ཡོང་བའི་རེ་བ་བཅངས་བཞིན་ཡོད་པ་རེད་འདུག དེ་མིན་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འགྲམ་གྱི་མོ་གྲོ་གོང་དཀར་རྫོང་རྒྱ་མ་ཤང་ལ་ཐོན་པའི་གཏོེར་ཁ་བསྔོག་འདོན་གྱི་རྩོད་རྙོག་འདིའི་ཁྲོད་བོད་མིའི་ངོ་རྒོལ་ཐོན་པའི་དབང་གིས་ད་ལྟའི་འཆར་ཉེན་རྟོག་པ་དང་དམག་དཔུང་༢༠༠ལྷག་ཙམ་མངག་གཏོང་བྱས་ནས་དམ་དྲག་ངང་གནས་ཡོད་པ་རེད་འདུག།