འཛམ་གླིང་ཁོར་ཡུག་ཉིན་མོ།
བོད་ཀྱི་བུད་མེད་ལྷན་ཚོགས་ནས་རྒྱ་གར་གཞུང་གི་ལས་འཆར་དང་ཟུང་འབྲེལ་མཉམ་ཞུགས་ཀྱིས་སྲུང་བརྩི་ཞུས་པ།
-
2011-06-07 -
-
-
Your browser doesn’t support HTML5 audio
གསར་འགྱུར་ལ་གསན་རོགས། |
༄༅༎བོད་ཀྱི་བུད་མེད་ལྷན་ཚོགས་ནས་འཛམ་གླིང་ཁོར་ཡུག་ཉིན་མོ་རྒྱ་གར་གཞུང་གི་ལས་འཆར་དང་ཟུང་འབྲེལ་མཉམ་ཞུགས་ཀྱིས་སྲུང་བརྩི་ཞུས་ཡོད་པའི་གནས་ཚུལ་འདུག
ཕྱི་ཟླ་༦ཚེས་༥ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞིའི་ནང་གསལ་ལྟར་རྒྱ་གར་གཞུང་གི་ཁོར་ཡུག་ལྷན་ཁང་གྱི་བཀོད་སྒྲིག་ལས་འཆར་ནང་བོད་ཀྱི་བུད་མེད་ལྷན་ཚོགས་ནས་ཀྱང་མཉམ་ཞུགས་བྱས་ཡོད་འདུག དེ་ཡང་ཚེས་ལྔ་ཉིན་རྒྱ་གར་གྱི་མངའ་སྡེ་བཅུའི་ནང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བུད་མེད་ལྔ་སྟོང་ཙམ་ནས་ས་གནས་སུམ་ཅུ་སོ་གསུམ་ནང་ཤིང་ལྡོང་ ༢༠༠༠༠ཙམ་གསར་དུ་འདེབས་འཛུགས་བྱས་ཡོད་འདུག བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་དཀར་ལྷ་མོ་ལགས་ཀྱིས། ཤིང་སྣ་འདེབས་འཛུགས་བྱས་པ་བརྒྱུད་མཁའ་རླུང་གཙང་མ་བཟོ་རྒྱུར་ཕན་ཐོག་ཡོང་རྒྱུ་ཡིན་པ་མ་ཟད་ལོ་ངོ་མང་པོའི་རིང་ཤིང་སྣ་བཅོད་འབྲེག་བྱས་པ་རྣམས་ཁ་གསབ་ཡོང་རྒྱུར་ད་དུང་ཤིང་སྡོང་ས་ཡ་འགའ་ཤས་འདེབས་འཛུགས་བྱེད་དགོས་ངེས་ཡིན་ལུགས་འགྲེལ་བརྗོད་གནང་འདུག དེ་དང་ཕྱོགས་མཚུངས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཁོར་ཡུག་ཚན་པའི་ལས་བྱེད་བསྟན་འཛིན་འོད་འབུམ་ལགས་ནས། ད་རེས་བུད་མེད་ལྷན་ཚོགས་ནས་ཤིང་སྣ་འདེབས་འཛུགས་བྱས་པ་འདི་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་གཞིའི་འོག་ནས་ལས་འཆར་སྤེལ་བ་ཞིག་ཡིན་ལུགས་གསུངས་འདུག ཡང་ཉིན་མོ་དེར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། འབྲེལ་ཡོད་ལས་བྱེད་ཚོས་རྒྱལ་ས་ལྡི་ལིའི་ནང་། རྒྱ་གར་གཞུང་གི་ཁོར་ཡུག་དང་ཤིང་སྣ་སྲུང་སྐྱོབ་ལས་ཁུངས་ཀྱི་མཛད་རིམ་ཞིག་ནང་མཉམ་ཞུགས་བྱས་པས་མ་ཟད་ཉིན་རྒྱབ་བོད་ཀྱི་ཁོར་ཡུག་སྐོར་ལའང་གོ་རྟོག་སྤེལ་རྒྱུའི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་དེའི་ནང་།
གལ་སྲིད་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཕོག་པ་ཡིན་ན་ཨེ་ཤེ་ཡ་ཁྱོན་ཡོངས་སུ་དོ་ཕོག་ཡོང་རྒྱུའི་ཉེན་ཁ་ཡོད་པའི་སྐོར་ཡང་གསལ་བཤད་གནང་ཡོད་འདུག།