གྲོས་ཚོགས་ཚོགས་དུས་བཅུ་པ་དབུ་འཛུགས།

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་དེ་ཕྱི་ཟླ་ ༩ ཚེས་ ༡༥ ཉིན་དབུ་འཛུགས་གནང་འདུག

གྲོས་ཚོགས་ཚོགས་དུས་བཅུ་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།

༄༅།    །གྲོས་ཚོགས་ཀྱི་ཉིན་དང་པོར་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་འབྲེལ་བའི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ཁག་ཅིག་དང་། དེ་བཞིན་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཐེ་བའི་བོད་དོན་འཐབ་རྩོད་ཀྱི་ནང་སྐུ་སྲོག་ཤོར་བ་རྣམས་ལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཁག་ཅིག་བཞག་གནང་འདུག། དེའི་སྐོར་ང་ཚོའི་བཞུགས་སྒར་དྷ་རམ་ས་ལའི་གསར་འགོད་པ་ཨུ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།

ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཐེངས་འདིའི་ཚོགས་དུས་ཀྱི་གྲོས་གཞི་ཁག་གཅིག་ནི། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་འདས་པའི་ལོ་གཅིག་ནང་གི་ཕྱག་ལས་གནང་པའི་ལས་བསྡོམས་སྙན་སྒྲོན་ཞུ་རྒྱུ་དང་། དེའི་ཐོག་བགྲོ་གླེང་ཞུ་རྒྱུ། དེ་བཞིན་གྲོས་ཚོགས་ཀྱི་ཤེས་ཡོན་ཚོགས་ཆུང་ནས་ཤེས་ཡོན་དང་འབྲེལ་བའི་སྙན་ཐོ་གསལ་བཤད་ཞུ་རྒྱུ་དང་། ཆེས་མཐོའི་སྨན་པའི་ལྷན་ཚོགས་དང་འབྲེལ་བའི་གྲོས་ཚོགས་ཀྱི་ཚོགས་ཆུང་ནས་ཀྱང་སྙན་ཐོ་གསལ་བཤད་ཞུ་རྒྱུ་ཡོད་འདུག་ལ།  དེ་བཞིན་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་ངོས་ནས་སྙན་ཐོའི་ཐོག་འཛིན་སྐྱོང་བཀའ་ཤག་ནས་མཇུག་སྐྱོང་གནང་རྒྱུ་དང་། དེའི་ཐོག་སྤྱི་འཐུས་གྲོས་ཚོགས་ནས་བགྲོ་གླེང་གནང་རྒྱུ་ཡིན་འདུག།

ཡང་ད་རེས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཉིན་དང་པོའི་ཐོག་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་འབྲེལ་བའི་ཐོག་ལ་གཞུང་འབྲེལ་གྱི་གྲོས་ཆོད་གྲོས་འཆར་ཁག་ཅིག་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་ཡོད་པ་རེད། དེའི་སྐོར་ང་ཚོའི་བཞུགས་སྒར་གྱི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།

དེ་རིང་གྲོས་ཚོགས་ཚོགས་དུས་བཅུ་པ་དབུ་འཛུགས་གནང་པ་དང་དུས་མཚུངས་ཇོ་ནང་ཆོས་བརྒྱུད་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་རོགས་ཞེས་ཞུ་འབོད་ཆེད་སྤྱི་འཐུས་གྲོས་ཚོགས་ཀྱི་སྒོ་ཁར་ཇོ་ནང་པ་བརྒྱ་དང་ལྔ་བཅུ་སྐོར་ཞིག་ནས་ཞུ་འབོད་འདུ་འཛོམས་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་འདུག  གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག་ཇོ་ནང་ཆོས་བརྒྱུད་ལ་ཆོས་བརྒྱུད་གཞན་ལྟར་གཅིག་མཚུངས་ཀྱི་ཐོབ་ཐང་ཡོང་བའི་གྲོས་ཆོད་ལ་མང་མོས་རྒྱབ་སྐྱོར་ཐོབ་མེད་པ་རེད།
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་ཐེངས་འདིའི་གྲོས་ཚོགས་འདི་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་དང་འཁེལ་སྟབས་གྲོས་ཚོགས་ཀྱི་འཐུས་མི་ཚོས་བཀའ་མོལ་གནང་སྟངས་དང་ཀུན་སྤྱོད་ཀྱི་ཐོག་ཐུགས་གཟབ་གནང་སྟེ་འོས་བསྡུའི་ལས་རིམ་ཐོག་ཤུགས་རྐྱེན་མི་ཡོང་བ་བཟོ་ཐབས་གནང་དགོས་པའི་འབོད་སྐུལ་གནང་འདུག།   
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org