༧རྒྱལ་དབང་ཀརྨ་པ་ཕྱིར་རྒྱ་གར་དུ་ཕེབས་ཐུབ་ཆེད་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་དང་བཀའ་མོལ་གནང་མུས་ཡིན་འདུག

༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་ཕྱིར་རྒྱ་གར་དུ་ཕེབས་ཐུབ་ཆེད་ང་ཚོས་རྒྱ་གར་གྱི་འབྲེལ་ཡོད་དབུ་ཁྲིད་མཐོ་ཤོས་ཚོར་སྐད་ཆ་བཤད་དེ་ཐབས་ཤེས་བཙལ་དང་འཚོལ་མུས་ཡིན་པས་ཐབས་ཤེས་ཐོན་པའི་ཉིན་མོར་གསལ་བོ་ཆགས་ཡོང་གི་རེད་ཅེས་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་སུ་ལན་འདེབས་གནང་སོང་།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ། ༠༩།༠༨།༢༠༢༢ CTA

༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་ཕྱིར་རྒྱ་གར་དུ་ཕེབས་ཐུབ་ཆེད་ང་ཚོས་རྒྱ་གར་གྱི་འབྲེལ་ཡོད་དབུ་ཁྲིད་མཐོ་ཤོས་ཚོར་སྐད་ཆ་བཤད་དེ་ཐབས་ཤེས་བཙལ་དང་འཚོལ་མུས་ཡིན་པས་ཐབས་ཤེས་ཐོན་པའི་ཉིན་མོར་གསལ་བོ་ཆགས་ཡོང་གི་རེད་ཅེས་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་སུ་ལན་འདེབས་གནང་སོང་།
སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ། སྤྱི་ཟླ་༩པའི་ཚེས་༧ནས་བཞུགས་སྒར་དུ་འཚོགས་བཞིན་པའི་ཉིན་གཉིས་པར། གྲོས་ཚོགས་སུ་ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་སྙན་སྒྲོན་དང་། ཉིན་གསུམ་པར་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་སྙན་སྒྲོན་བཅས་སོ་སོར་གནང་སྐབས། སྤྱི་ཟླ་༩པའི་ཚེས་༨ཉིན་དབུས་གཙང་སྤྱི་འཐུས་སོག་སྟོད་དངོས་གྲུབ་རྡོ་རྗེ་ལགས་ནས། སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་ལགས་ལ། དཔལ་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་གར་དུ་ཆིབས་བསྒྱུར་གནང་མ་ཐུབ་པར་ལོ་མང་འགོར་ཡོད་པ་དེ་ཚོ་ད་ལྟའི་གནས་སྟངས་ཅི་ཆགས་དང་། སྐུ་ངལ་སེལ་ཐབས་སུ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ད་བར་ཅི་གནང་། མ་འོངས་པར་ག་རེ་གནང་འཆར་ཡོད་མེད་བཅས་ཀྱི་ཐོག་བཀའ་འདྲི་གནང་སོང་ལ། སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་ལགས་ཀྱིས། ༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་རྒྱ་གར་དུ་ཕྱིར་ཕེབས་ཐུབ་ཆེད། “ང་ཚོས་རྒྱ་གར་གྱི་འབྲེལ་ཡོད་དབུ་ཁྲིད་མཐོ་ཤོས་ཚོར་སྐད་ཆ་བཤད་དེ། ཐབས་ཤེས་བཙལ་དང་འཚོལ་མུས་ཡིན་པས་ཐབས་ཤེས་ཐོན་པའི་ཉིན་མོར་གསལ་བོ་ཆགས་ཡོང་གི་རེད་”ཅེས་ལན་འདེབས་གནང་སོང་།
གཞན་ཡང་ཚེས་༩ཉིན་གྱི་གྲོས་ཚོགས་ལམ་རིམ་དུའང་། ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་ཏེ། དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་ནས། “༧རྒྱལ་དབང་ཀརྨ་པའི་སྐོར་ལ་འཛིན་སྐྱོང་གིས་ཐུགས་འགན་བཞེས་ཏེ་ཁ་སང་བཀའ་ལན་ཕེབས་པ་དང་། ད་ང་ཚོ་བཀའ་སྤྱི་གཉིས་ཀྱི་ཐོག་ནས་ལས་འགུལ་ག་རེ་སྤེལ་རྒྱུ་འདུག དཔལ་༧རྒྱལ་དབང་ཀརྨ་པ་རྒྱ་ནག་དམར་པོའི་གནས་སྟངས་ཛ་དྲག་གི་འོག་ནས་བློས་བཏང་གིས་ས་གནས་འདིར་ཕེབས་ཐུབ་ཡོད་ནའང་། རང་དབང་ལུང་བ་དང་ཁྲིམས་བཤད་ས་ཡོད་རྒྱུའི་གནས་སྟངས་འོག ཁྲིམས་ཀྱི་མ་ཉེས་ཁ་གཡོག་བྱས་ཡོད་ན་རེད། དེ་མིན་གྱི་གནད་དོན་ཞིག་ལ་སྒྲོ་བཏགས་ཀྱི་ཡོད་ན་རེད། གང་ལྟར་ཕྱིའི་ལུང་བ་ཞིག་ལ་བཞུགས་ཏེ་ང་ཚོ་མཉམ་དུ་ཚུར་ཡོང་ཐུབ་ཀྱི་མེད་པ་སོགས་ཀྱིས། སྒྲིག་འཛུགས་དང་ཆོས་རིག སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་གནས་ཡུལ་རྒྱལ་ཁབ་གཞུང་དང་དེ་མིན་པའི་རྒྱལ་ཁབ་ག་འདྲ་ཞིག་ལའང་། ང་ཚོས་བདེན་དཔང་ཡོད་པའི་ཐོག་ནས་རིན་པོ་ཆེ་ཚུར་གདན་འདྲེན་ཞུ་དགོས་པ་དེ་ཧ་ཅང་གལ་ཆེན་ཡིན་པ་”དྲི་བ་བཀོད་སྐབས། ཆོས་རིག་བཀའ་བློན་སྤེན་པ་ཚེ་རིང་ལགས་ནས“རྩ་བའི་དེ་གནད་འགག་ཆེན་པོ་ཡིན་ནའང་། གནད་དོན་དེ་དང་འབྲེལ་བའི་ཐོག་ནས། ཡང་ང་ཚོ་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་བ་ཡིན་ན། སྤེལ་སྟངས་ཀྱི་ངོ་བོ་དང་དེ་ཚོའི་ཐོག་བསམ་བློ་ཡག་པོ་མ་བཏང་བ་ཡིན་ན། ཕན་ལས་གནོད་ཆེ་བར་འགྲོ་རྒྱུའི་ཉེན་ཁ་ཡོད་པ་དང་། གནས་ཚུལ་དེ་དང་འབྲེལ་ང་ཚོ་སུ་དང་སུ་ཐུག་བསྡད་པ་ཤེས་ཀྱི་ཡོད་ཅིང་། གལ་ཆེ་བ་དེའི་ནང་བར་ཆད་ཁ་ཤས་ཤིག་ཡོད་པ་སེལ་དགོས་པ་དེ་གལ་ཆེན་ཡིན་པ་དང་། བར་ཆད་སེལ་ཆེད་ང་ཚོས་རྒྱ་གར་གཞུང་ལ་ཞུ་དགོས་པ་ཞུས་བཞག་ཡོད་ནའང་། ག་དུས་གྲུབ་འབྲས་འཐོན་མིན་ཞུ་ཚོད་ཐིག་ཁག་པོ་རེད་”ཅེས་ལན་འདེབས་གནང་སོང་།
གྲོས་ཚོགས་ཉིན་གསུམ་པར་ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་ཕུལ་གྲུབ་ཡོད་ཁར། ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ཀྱང་ནང་སྲིད་བཀའ་བློན་སྤེན་པ་ཚེ་རིང་ལགས་ནས་སྙན་སྒྲོན་དང་འབྲེལ། དེ་ལ་གྲོས་ཚོགས་འཐུས་མི་ཚོས་དོགས་འདྲིར་ལན་འདེབས་འགྲོ་བཞིན་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org