བོད་དེ་རྒྱ་ནག་ལ་དཀའ་ངལ་ཆེ་ཤོས་ཆགས་ཡོད།
རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་ཡིས་དམར་ཤོག་ཚོགས་པ་ཆིག་སྒྲིལ་དང་། ཡུན་གནས་ཐུབ་རྒྱུའི་རྣམ་པ་བསྟན་ཡོད་ཀྱང་། བོད་ནང་རང་སྲེག་གི་ལས་འགུལ་མུ་མཐུད་བྱུང་བཞིན་པ་དེ་ཟློག་ཏུ་མེད་པའི་དཀའ་ངལ་ཞིག་རེད།
-
2012-11-15 -
-
-
༄༅༎ རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་ཡིས་དབང་ཆ་ཡོངས་རྫོགས་སྲིད་འཛིན་གཞོན་པ་ལས་ཐོག་པ་དང་རིང་མིན་སྲིད་འཛིན་གསར་པར་ངེས་པ་ཞི་ཅིནྤིང་(Xi Jinping) ལ་རྩིས་སྤྲོད་བྱ་རྒྱུར་ངེས་པས་མ་ཟད། དམར་ཤོག་ཚོགས་པའི་ཆིག་སྒྲིལ་དང་། ཡུན་གནས། བརྟན་ཚུགས་ཡོད་པའི་རྣམ་པ་གསལ་སྟོན་བྱས་ཡོད་ཀྱང་། བཀྲ་མ་ཤིས་པའི་འཆར་སྣང་ཟློག་ཏུ་མེད་པ་གཅིག་ཡོད་པ་དེ་ནི། བོད་ནང་བོད་མི་ཚོས་བར་མཚམས་མེད་པར་རང་ལུས་མེར་སྲེག་གིས་རྒྱ་གཞུང་གི་གདུག་རྩུབ་དྲག་གནོན་ལ་ངོ་རྒོལ་བྱེད་བཞིན་པ་དེ་ཡིན་པའི་གནས་ཚུལ་ཐོན་འདུག
དྷ་ ཝོལ་སཊྲིཊ་(The Wall Street) ཞེས་པའི་གསར་ཤོག་ནང་། འདི་ཚེས་༡༤ཉིན་ཆེད་རྩོམ་ཞིག་སྤེལ་བའི་ནང་། རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་༧གོང་ས་མཆོག་གིས་ཀུན་སློང་གནང་ཡོད་སྐོར་སྐྱོན་བརྗོད་བྱེད་མུས་མ་ཟད། ༧གོང་ས་མཆོག་གིས་ཉི་ཧོང་གི་གཞས་ཐལ་ཚོགས་པའི་ཕྱོགས་གནང་ནས་རྒྱ་ནག་དང་ཉི་ཧོང་དབར་ཤར་རྒྱ་ནག་རྒྱ་མཚོའི་མཚོ་གླིང་ཁག་གི་བདག་དབང་ཐད་ཉི་ཧོང་གི་ཕྱོགས་གནང་ཡོད་ལུགས་སྐྱོན་བརྗོད་ཀྱང་བྱས་ཡོད་པ་རེད། ༧གོང་ས་མཆོག་གིས་བོད་ནང་རང་མུས་མེར་སྲེག་གི་དོན་རྐྱེན་ཐད། རྒྱ་ནག་གཞུང་གིས་ཞིབ་འཇུག་བྱེད་ཀྱི་མེད་པར་བརྟེན། གནས་ཚུལ་ངོ་མ་ཞིབ་རྟོག་ཆེད་རྒྱལ་སྤྱིའི་ཁྲིམས་བཟོ་བ་བོད་ནང་དངོས་ཡོད་གནས་ཚུལ་ཞིབ་འཇུག་ཆེད་འགྲོ་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་པ་འགྲེལ་བརྗོད་དང་སྦྲགས། ལོ་བཅུ་ཕྲག་མང་པོའི་རིང་རྒྱ་ནག་གིས་བོད་ཐོག་དྲག་གནོན་ཁོ་ན་བྱས་པ་དེ། ད་ལྟ་བཟོད་ཐབས་བྲལ་ནས་ བོད་མི་ཚོས་འཇིགས་སུ་རུང་བའི་རང་སྲོག་དོར་བཞིན་པ་དང་། ༧གོང་ས་མཆོག་གི་འདོན་གནང་མཛད་པའི་བོད་རྒྱ་ཞི་འགྲིག་གཉིས་ཕན་དབུ་མའི་ལམ་ལ་ཡིད་ཆེས་ཆུང་དུ་འགྲོ་བཞིན་པ་དེས་མཚོན་ཐུབ་པས་མ་ཟད། བོད་མི་ཚོས་རང་སྲེག་བྱེད་བཞིན་པ་དེ། རིམ་པས་རྒྱ་མིའི་བཙན་གནོན་ལ་དྲག་རྒོལ་གྱི་རྒྱུ་ཆགས་སྲིད་པ་ཅེས་འཁོད་འདུག ཡང་ཆེད་རྩོམ་དེའི་ནང་། སྲིད་འཛིན་ཧུ་ཇིན་ཏའོ་ཕྱི་ལོ་༡༩༨༨ནས་༡༩༩༢བར་བོད་ནང་དབུ་ཁྲིད་གནང་སྐབས་ལྟ་བ་མཁྲེགས་འཛིན་ཀྱི་སྲིད་བྱུས་ལག་བསྟར་བྱས་པ་དེ་དབུ་ཁྲིད་རྗེས་ཚོས་ཀྱང་མཇུག་སྐྱོང་བྱས་པ་རེད། སྲིད་འཛིན་གསར་པ་ཞི་པིངྕིན་གྱིས་སྲིད་བྱུས་དེར་འགྱུར་བའི་རེ་བ་མེད་ཀྱང་། ཁོང་གིས་དངོས་ཡོད་དང་མཚུངས་པའི་སྲིད་བྱུས་ལག་བསྟར་བྱས་ན། ད་ལྟའི་ཡ་ང་བའི་རང་སྲོག་དོར་རྒྱུ་དང་དྲག་གནོན་མཚམས་འཇོག་ཡོང་སྲིད་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག །