༸གོང་ས་མཆོག་ལ་ནོ་བེལ་གཟེངས་རྟགས་ཕུལ་ནས་ལོ༢༢འཁོར།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༢༢འཁོར་བའི་དུས་ཆེན།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༢༢འཁོར་བའི་དུས་དྲན་ཉིན་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་བཀའ་ཤག་གིས་གནང་བའི་གསུང་འཕྲིན་སྙིང་དོན་དུ། ༧གོང་ས་༧སྐྱབསམགོན་ཆེན་པོའི་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་བདེ་དོན་ལ་སྨན་པའི་བླ་ན་མེད་པའི་དགོངས་གཞི་སྤྱི་དང་། ཁྱད་པར་བོད་མིའི་རང་དབང་བསྐྱར་གསོའི་འཐབ་རྩོད་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་དུ་འཁྲིད་གནང་བའི་མཛད་རྗེས་བཅས་ལ་བརྟེན་ནས། ཕྱི་ལོ་༡༩༨༩ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད་པ་དང་། དེ་ལ་བརྟེན་ནས་འཛམ་གླིང་གང་སར་སྔོན་བྱུང་མྱོང་མེད་པའི་བོད་དོན་དྲིལ་བསྒྲགས་དང་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་གྱི་གནས་ཚད་གོང་མཐོར་སྤེལ་ཐུབ་པ་བྱུང་ཡོད་ཅིང་། ད་རེས་ཀྱི་གོ་སྐབས་འདི་དང་བསྟུན་ནས་༧གོང་ས་༧སྐྱབསམགོན་ཆེན་པོ་མཆོག་ལ་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུས་པ་དང་ཆབས་ཅིག་བོད་མི་ཡོངས་ནས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་འབའ་ཞིག་ཐོག་གནས་རྒྱུའི་ཆོད་སེམས་བསྐྱར་ནན་དགོས་པའི་དྲན་སྐུལ་ཞུ་རྒྱུ་ཡིན་ཞེས་དང་། བཀའ་ཤག་གི་གནང་བའི་གསུང་འཕྲིན་དེའི་ནང་ད་དུང་འཁོད་པར་ ཉེ་སྔོན་ཕྱི་ཟླ་དགུ་པའི་ཚེས་༢༤ཉན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་རྒྱུས་རང་བཞིན་ལྡན་པའི་༧རྒྱལ་བའི་ཡངས་སྲིད་སྐོར་གྱི་གལ་ཆེའི་བཀའ་ཡིག་བསྩལ་བར་བཀའ་ཤག་གིས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་དང་། ལྷག་དོན་དེ་རིང་ནི་འགྲོ་བ་མིའི་ཐོབ་ཏང་ཉིན་མོ་ཡང་ཡིན་སྟབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་གནང་ནས་མི་ལོ་དྲུག་བཅུ་བརྒལ་ཡང་། བོད་ནང་ལོ་རེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་ནི་གཙོ་བོ་རྒྱ་ནག་གིས་བོད་ས་ཡོངས་སུ་ལག་བསྟར་བྱེད་བཞིན་པའི་ཆབ་སྲིད་ཀྱི་དམ་དྲག་དང་ཆོས་དད་རང་དབང་བརྡལ་བཤིག་ཁོར་ཡུག་ཉམས་ཆག་དཔལ་འབྱོར་དང་རིག་གཞུང་དབྱེ་འབྱེད་སོགས་ཀྱི་རྐྱེན་པས་ཡིན་པར་བརྟེན། རྒྱ་ནག་གཞུང་ལ་དྲན་སྐུལ་ཞུ་རྒྱུར་གལ་སྲིད་བོད་ནང་བརྟན་ལྷིང་དང་ཞི་འཇམ་དགོས་ན། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པ་དང་། བོད་ནང་ད་ལྟའི་ཆར་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་བྱུས་ཁག་འཕྲལ་དུ་མཚམས་འཇོག་གིས་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་བྱེད་དགོས་པ་མ་ཟད། དྲང་བདེན་གྱི་ཁྲིམས་གཏུགས་མེད་པར་ཉེས་མེད་སྣ་ཚོགས་འོག་བཙོནའཇུག་བྱས་པའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ་སོགས་བཀའ་ཤག་གི་གནང་བའི་གཏམ་བཤད་ནང་འཁོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org