བོད་མི་ཡིན་ཚུལ་གྱིས་མཐོང་ཆུང་དང་བརྙས་བཅོས་བྱེད་བཞིན་ཕྱིར་ཕུད་བྱས་འདུག
ཨ་རི་དང་ཀོ་རི་ཡའི་མི་སེར་ཡིན་པ་བོད་མི་ཁག་ཅིག་གིས་རྒྱ་ནག་གི་ཁྲིམས་མཐུན་མཐོང་མཆན་ཞུས་ནས་བོད་ནང་གཉེན་འཕྲད་དུ་བསྐྱོད་སྐབས་རྒྱ་ནག་གི་ཁྲིན་ཏུའུ་གནམ་ཐང་ནས་ཕྱིར་ཕུད་བྱས་འདུག
-
2018-02-23 -
-
-
ཨ་རི་དང་ཀོ་རི་ཡའི་མི་སེར་ཡིན་པ་བོད་མི་ཁག་ཅིག་གིས་རྒྱ་ནག་གི་ཁྲིམས་མཐུན་མཐོང་མཆན་ཞུས་ནས་བོད་ནང་གཉེན་འཕྲད་དུ་བསྐྱོད་སྐབས་རྒྱ་ནག་གི་ཁྲིན་ཏུའུ་གནམ་ཐང་ནས་ཕྱིར་ཕུད་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༨་ལོའི་ཟླ་༢་ཚེས་༢༢་ཉིན། ཨ་མི་རི་ཀ་དང་། ཀོ་རི་ཡར་གནས་སྡོད་བྱེད་མཁན་བོད་མི་གསུམ་གྱིས་རྒྱ་ནག་གི་ཁྲིམས་མཐུན་མཐོང་མཆན་ཞུས་ནས་བོད་ནང་གཉེན་འཕྲད་ཆེད་རྒྱ་ནག་གི་ཁྲིན་ཏུའུ་གནམ་ཐང་ལ་འབྱོར་སྐབས། གནམ་ཐང་གི་ཕྱི་མི་ཞིབ་གཤེར་ལས་ཁུངས་ཀྱིས་ལས་བྱེད་པས་བཀག་འགོག་བྱས་ནས་ཕྱི་བསྐྱོད་ལག་འཁྱེར་ཐོག་གི་མཐོང་མཆན་(visa)་ནག་སུབ་བཏང་ཐོག་བོད་ནང་འཛུལ་མ་བཅུག་བར་ཀོ་རི་ཡར་ཕྱིར་ཕུད་བྱས་འདུག
འབྲེལ་ཡོད་བོད་མི་ཞིག་གིས་བརྗོད་དོན། བོད་མི་ཁོང་གསུམ་པོའི་ཁོངས་ནས་གཅིག་ལ་ཨ་མི་རི་ཀ་དང་། གཉིས་ལ་ཀོ་རི་ཡའི་ཕྱི་བསྐྱོད་ལག་འཁྱེར་ཡོད་པའི་ཐོག་རྒྱ་ནག་གི་ཁྲིམས་མཐུན་མཐོང་མཆན་ཞུས་ཡོད་ཀྱང་གནམ་ཐང་ནས་དམིགས་བསལ་རྒྱུ་མཚན་སོགས་འགྲེལ་བརྗོད་གང་ཡང་མ་བྱས་བར་བཀག་འགོག་བྱས་པའི་ཐོག་ཆུ་ཚོད་བརྒྱད་ཙམ་རིང་གནམ་ཐང་གི་ཁང་པ་ཆུང་ཆུང་ཞིག་གི་ནང་ཆུ་ཙམ་ཡང་མ་སྤྲད་པར་བཀག་ཉར་བྱས་ནས་ཕྱི་མི་ཞིབ་གཤེར་ཚན་པའི་འགོ་གཙོ་(GuoZheng Ting)དང་། ཉེན་རྟོག་པ་བཅོ་ལྔ་ཙམ་གྱིས་རེས་མོས་བྱས་ནས་དྲི་བ་འདྲ་མིན་དྲིས་བ་མ་ཟད། འབྲི་དེབ་དང་། ཁ་པར། སྐད་འཕྲིན་ཚང་མ་སྔོག་གཤེར་བྱས་ནས་ཁ་པར་ཨང་གྲངས་སོགས་གནས་ཚུལ་ཚང་མ་འདྲ་བཤུས་རྒྱབ་པ་དང་། འགྲེལ་བཤད་ག་ཚོད་རྒྱབ་ཀྱང་ཉན་འཇོག་གང་ཡང་མི་བྱེད་པའི་ཐོག་བོད་མི་ཡིན་ཚུལ་བཤད་ནས་མཐོང་ཆུང་དང་བརྙས་བཅོས་བྱས་ཚུལ་བརྗོད་བྱུང་།
ད་དུང་ཁོང་གིས། མ་འོངས་གཉེན་འཕྲད་ཐུབ་པའི་ཆེད་དུ་བོད་མི་ཁོང་ཚོའི་མིང་བརྗོད་འདོད་མ་བྱས་ཀྱང་གནམ་ཐང་ནས་བཀག་འགོག་སྐབས་སུ་རྒྱ་ནག་གི་ཉེན་རྟོག་པ་དང་མཉམ་དུ་བོད་མི་གཅིག་ཡོད་པ་དེས་སྐད་ཆ་བཤད་སྟངས་དང་བྱ་སྤྱོད་སྡུག་པ་ཡོད་པ་བརྗོད་བྱུང་།
སྤྱིར་ཕྱི་སྡོད་བོད་མི་ཕྱི་རྒྱལ་གྱི་མི་སེར་ལག་འཁྱེར་ཡོད་པ་ཚོས་རྒྱ་ནག་གཞུང་ཚབ་ཁང་ནས་ཁྲིམས་མཐུན་མཐོང་མཆན་ཞུ་རྒྱུར་གཞན་དང་མི་འདྲ་བའི་འགྲོ་ལུགས་བསྒྲུབ་དགོས་པའི་དཀའ་ངལ་ཡོད་པ་དང་། དེ་ལྟར་མཐོང་མཆན་རག་རུང་བོད་མིའི་རང་དབང་སྒེར་ལངས་སུམ་བཅུའི་དུས་དྲན་སོགས་འཁེལ་བའི་དུས་སྐབས་འདྲ་མིན་ལ་འགྲོ་བསྐྱོད་བཀག་སྡོམ་བྱས་བའི་གནས་ཚུལ་བྱུང་མྱོང་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ།