བོད་ཕྱོཊ་ནས་ཇོ་མོ་གླང་མའི་གད་སྙིཊ་གཙང་བཟོ་བྱེད་བཞིན་འདུག

འཛམ་གླིང་གི་གངས་རི་མཐོ་ཤོས་ཇོ་མོ་གླང་མའི་བྱང་རྒྱུད་ནས་ཉིན་ལྔའི་ནང་གད་སྙིགས་ཊོན་བཞི་གཙང་བཟོ་བྱས་འདུག

ཇོ་མོ་གླང་མའི་བྱང་རྒྱུད་ཀྱི་གད་སྙིགས་གཙང་བཟོ་བྱེད་བཞིན་པ། ༢༠༡༧ CCTV

དང་བླངས་བ་དང་ལས་མི་ཚོས་བོད་ཕྱོགས་ཀྱི་རི་བོ་ཇོ་མོ་གླང་མ་ནས་རི་འཛེགས་པ་ཚོས་བསྐྱུར་འཇོག་བྱས་པའི་གད་སྙིགས་གཙང་སེལ་ལས་དོན་འགོ་འཛུགས་བྱས་པའི་ཐོག་མའི་ཉིན་གྲངས་ལྔའི་ནང་། གད་སྙིགས་ཊོན་བཞི་ཙམ་གཙང་བཟོ་ཐུབ་པ་བྱུང་ཡོད་འདུག
དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་། བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་ས་གནས་སྲིད་གཞུང་གིས། ཇོ་མོ་གླང་མའི་ཐོག་རི་འཛེགས་པ་ཚོས་བསྐྱུར་འཇོག་བྱས་པའི་གད་སྙིགས་གཙང་སེལ་བྱེད་སའི་ས་ཚིགས་བཙུགས་ནས། འགྱིག་དམ་དང་གུར། སྲོག་འཛིན་ཁ་རླུང་གི་སྣོད། ལྟོ་སྣོད་ལྕགས་ཊིན། རི་འཛེགས་བྱ་རྒྱུའི་ཐག་པ་འདྲ་མིན་བསྐྱུར་འཇོགས་བྱས་པ་དེ་ཚོ་དབྱེ་སེལ་བསྐྱར་བཟོ་བྱ་རྒྱུ་ཡིན་པ་དང་། བདུན་སྔོན་མའི་རེས་གཟའ་སྤེན་པའི་ཉིན་འགོ་འཛུགས་བྱས་པའི་ཉིན་གྲངས་དགུའི་རིང་། གངས་རི་ཇོ་མོ་གླང་མའི་ཐོག་གི་གད་སྙིགས་གཙང་སེལ་གྱི་ལས་དོན་དེ་བཞིན་རྒྱ་མཚོའི་ངོས་ནས་མཐོ་ཚད་ཕི་ཊི་༥༢༠༠ནས་༦༥༠༠བར་གྱི་རི་འཛེག་པའི་ལམ་གཞུང་དང་བབས་ཚུགས་ཁག་ཏུ་གང་བྱུང་བསྐྱུར་འཇོག་བྱས་པའི་གད་རྙིགས་དེ་ཚོ་གཙང་སེལ་བྱེད་བཞིན་པ་ལྟར། ཉིན་གྲངས་ལྔའི་ནང་གད་སྙིགས་ཊོན་བཞི་ཙམ་གཙང་བཟོ་ཐུབ་པ་བྱུང་ཡོད་འདུག
གངས་རི་ཇོ་མོ་གླང་མའི་བྱང་ངོས་དེ་བོད་ཕྱོགས་སུ་འཁེལ་གྱི་ཡོད་པ་དང་། ལྷོ་ངོས་དེ་བལ་ཡུལ་ཕྱོགས་སུ་འཁེལ་གྱི་ཡོད་པ་རེད། བལ་ཡུལ་ཕྱོགས་ནས་རི་འཛེགས་བྱེད་མཁན་ཚོར་རི་འཛེགས་གོ་སྒྲིག་བྱེད་མཁན་ཚོས། དཔྱིད་ཀ་གངས་རི་འཛེགས་པའི་ནམ་དུས་སྐབས་རི་འཛེགས་པ་ཚོའི་ལག་ཏུ་གད་སྙིགས་གསོག་འཇོག་བྱེད་སའི་ཁུག་མ་བསྐུར་ནས་རྗེས་སུ་
ཐད་འཕུར་གནམ་གྲུ་བརྒྱུད་གད་རྙིགས་དེ་ཚོ་རི་འཛེགས་པའི་ས་ཚུགས་ནས་དབོར་འདྲེན་བྱེད་ཀྱི་ཡོད་པ་རེད།།

གསར་འགོད་པ་རིག་ལྡན་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org