སླར་ཡང་བོད་མི་ཞིག་གིས་རང་ལུས་མེ་སྲེག་བཏང་ཡོད་པ།
2012.10.13
༄༅༎བོད་ནང་སླར་ཡང་བོད་མི་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་འདུག།
དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༡༣ གཟའ་སྤེན་པའི་ཉིན། བོད་ཨ་མདོ་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་དུ་ཆགས་པའི་གཙོད་དགོན་པའི་ཉེ་འགྲམ་དུ། ཉིན་གུང་ཚོུད་དང་པོ་ཙམ་ལ་བོད་མི་རྟ་མགྲིན་རྡོ་རྗེ་ཞུ་བས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་འདུག་པ་དང༌། ཁོང་གི་སྐུ་ཕུང་རང་ཁྱིམ་དུ་ཁུར་ཡོང་སྐབས་ས་གནས་མི་མང་གི་མཇལ་དར་སྒྲོན་བཞིན་པའི་པར་རིས་ཀྱང་ཕྱི་ཕྱོགས་སུ་འབྱོར་འདུག་ལ། ད་ལྟ་གཙོད་དགོན་པའི་དགེ་འདུན་པ་ཚོས་མཆོད་འབུལ་སྨོན་ལམ་གནང་བཞིན་ཡོད་འདུག།
རྟ་མགྲིན་རྡོ་རྗེ་ལགས།
རྟ་མགྲིན་རྡོ་རྗེ་ལགས་གཙོད་གྲོང་ཁྱེར་གྱི་འབྲོང་ལྕེ་སྡེ་པ་ནས་ཡིན་པ་དང༌། ཁོང་ལ་ཕྲུ་གུ་ ༣ ཡོད་ཅིང༌། བཟའ་ཟླའི་མིང་་མཁར་མོ་བྱམས་ཟེར་གྱི་ཡོད་འདུག།
རྟ་མགྲིན་རྡོ་རྗེ་ལགས་ནི་གཙོད་ས་གནས་ནས་ད་བར་རང་ལུས་མེར་བསྲེགས་བཏང་མཁན་གསུམ་པ་དེ་ཡིན་པ་དང༌། བོད་ནང་ནས་རང་ལུས་མེ་སྲེག་གཏོང་མཁན་༥༥་པ་ཡིན་པ་རེད།
སྤྱིར་རྒྱ་ནག་གཞུང་གིས་བོད་ས་ཁྱོན་ཡོངས་ནང་དམ་དྲག་ཚད་ལས་བརྒལ་བ་བྱེད་ཡོད་པ་དང་། ལྷག་པར་རྟ་འགྲན་རྡོ་རྗེ་ལགས་ཀྱིས་རང་ལུས་མེ་སྲེག་བཏང་བའི་བདུན་ཕྲག་སྔོན་མ་དེར་གཙོད་ས་དགོན་པའི་འཁྲིས་སུ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རང་ལུས་མེ་སྲེག་གཏང་བ་ནས་བཟུང་། རྒྱ་ནག་གཞུང་གིས་དམག་མི་འཕར་མ་བཏང་ནས་དམ་དྲག་ཞིབ་བཤེར་ནན་མོ་བྱེད་བཞིན་ཡོད་པའི་འདྲ་པར་བཅས་ཕྱི་ཕྱོགས་སུ་འབྱོར་འདུག།