རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པ་འཚོགས་བཞིན་འདུག

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པ་དེ་བཞིན་བཞུགས་སྒར་རྡ་རམ་ས་ལར་དབུ་འཛུགས་གནང་འདུག

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པ་བཞུགས་སྒར་རྡ་རམ་ས་ལར་དབུ་འཛུགས་གནང་སྐབས། ༢༠༡༨།༥།༢༣ RFA

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པ་དེ་བཞིན་བཞུགས་སྒར་རྡ་རམ་ས་ལར་དབུ་འཛུགས་གནང་འདུག
དེ་ཡང་སྤྱི་ཟླ་ ༥ ཚེས་ ༢༣ ནས་ ༢༥ བར་ཉིན་གསུམ་རིང་ཚོགས་རྒྱུའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པ་དེ་བཞིན་སྤྱི་ཚེས་ ༢༣ ཉིན་བཞུགས་སྒར་ཉེ་འདབས་རྡ་ཤོད་རྒྱ་གར་ཡུལ་མིའི་བདེ་དོན་ཚོགས་ཁང་དུ་འཚོགས་བཞིན་ཡོད་པ་དང་།  ཕྱི་ཚེས་ ༢༣ ཉིན་བོད་མི་མང་སྤྱི་འཐུས་ཚོགས་ཟུར་དང་རང་བཙན་འཐབ་རྩོད་པ་འདས་པོ་ཀརྨ་ཆོས་འཕེལ་ལགས་སུ་རྒྱལ་གཅེས་དཔའ་བོའི་གཟེངས་རྟགས་ཤིག་ཕུལ་བ་ཁོང་གི་སྐུ་ཟླ་བསྟན་འཛིན་བདེ་སྐྱིད་ནས་བཞེས་ཡོད་ལ། ཡང་བོད་རང་བཙན་སྐོར་གྱི་རྩོམ་ཡིག་ཕྱོགས་བསྡུས་ཀྱི་དེབ་ཅིག་ཀྱང་དབུ་འབྱེད་བྱས་ཡོད་པ་རེད། ད་ཐེངས་ཀྱི་ཚོགས་ཆེན་གྱི་དགོས་དོན་ནི་དེ་སྔ་སྤྱི་ལོ་ ༡༩༥༡ ལོའི་སྤྱི་ཟླ་ ༥ ཚེས་ ༢༣ ཉིན་པེ་ཅིང་དུ་ཆིངས་ཡིག་དོན་ཚན་ ༡༧ ཟེར་བ་ཞིག་རྒྱ་ནག་གི་སྡིག་རའི་འོག་བཞག་པ་དེར་ངོས་ལེན་མེད་པའི་ངོ་རྒོལ་མཚོན་བྱེད་དུ་ཡིན་སྐོར་འགྲེལ་བརྗོད་གནང་འདུག
སྐབས་དེར་བོད་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་ལགས་ཀྱིས། བོད་རང་བཙན་དེ་བདེན་པའི་འཐབ་རྩོད་དང་། གཞིས་ལུས་མི་མང་གི་རེ་འདུན། རྒྱལ་སྤྱིའི་གནས་ཚུལ་ཡིན་སྐོར་སོགས་ཀྱི་ཐོག་ཞིབ་ཕྲ་འགྲེལ་བརྗོད་གནང་ཞིང་། ཡང་བོད་རང་བཙན་འཐབ་རྩོད་པ་འཇམ་དབྱངས་ནོར་བུ་ལགས་ཀྱིས་རྒྱ་ནག་གི་དམག་དང་། དཔལ་འབྱོར། གདུག་རྩུབ་བཅས་ཀྱི་ནུས་པར་མི་ཕུ་ཤོར་བཞིན་ཡོད་ཀྱང་། དེར་འགོག་རྒོལ་བྱེད་རྒྱུ་ཡོད་སྐོར་གྱི་དཔེ་མཚོན་དུ། ལོ་ཤས་སྔོན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་ལྷོ་ཨ་ཧྥི་རི་ཀར་ཚོགས་ཆེན་ཞིག་འཚོགས་འཆར་གནང་བར་ཡུལ་དེའི་སྲིད་གཞུང་དང་རྒྱ་ནག་གཉིས་འབྲེལ་བ་ཟབ་མོ་ཡོད་སྟབས། ༧གོང་ས་མཆོག་ཕེབས་མི་ཐུབ་པ་བཟོས་ཀྱང་། སྐབས་དེར་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་གཙོ་འཛིན་འཇིགས་མེད་ཨུ་རྒྱན་ལགས་ནས་དྲིལ་བསྒྲགས་ལས་འགུལ་ཞིག་འགོ་འཛུགས་ཀྱིས་དེར་ཚོགས་མི་ཚོས་བསམ་ཞིབ་མང་པོ་བྱས་མཐར། ཨི་ཊ་ལིའི་ནང་འཚོག་དགོས་བྱུང་ཡོད་གསུང་ནས། དེ་ནི་ཕྱི་འབྲེལ་གྱི་ཐོག་ནས་རྒྱལ་ཁ་ཞིག་ཡིན་པས། དེ་དང་དེས་མཚོན་པའི་རྒྱ་ནག་གི་སྟོབས་ཤུགས་ཤིན་ཏུ་ཆེ་ཡང་དེར་འགོག་རྒོལ་བྱེད་རྒྱུ་ཡོད་སྐོར་སོགས་གསུངས་འདུག    
གཞན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇེས་སིངག་ མཱན་ཀོ་ཊི་ཡ་ལགས་ཀྱིས་ཀྱང་གསུང་བཤད་གནང་ཡོད་པ་རེད། ཁོང་ནི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཡིན་ཞིང་སྐུ་མགྲོན་གཙོ་བོར་གདན་ཞུ་བྱས་པ་ཞིག་ཡིན་འདུག  ཐེངས་འདིའི་དམིགས་བསལ་སྐུ་མགྲོན་ནི་ལྷ་བཟང་ཚེ་རིང་ལགས་དང་། འཇམ་དབྱངས་ནོར་བུ་ལགས། དེ་བཞིན་བོད་མི་དམངས་ཀྱི་སྤྱི་འཐུས་ཁག་ཅིག་དང་།  གཞན་ཨ་རི་དང་ཡོ་རོབ། ཨ་ཧྥི་རི་ཁ། ཨོསི་ཊེརེ་ལི་ཡ། རྒྱ་གར་དང་བལ་ཡུལ་བཅས་བཅས་ནས་ཁྱོན་ཚོགས་བཅར་བ་མི་གྲངས་ ༡༦༠ ལྷག་ལྷན་འཛོམས་བྱུང་ཡོད་འདུག
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ནི་དབུ་མའི་ལམ་ཡིན་པ་དང་། དེ་ནི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཐོག་གཏན་ལ་ཕབ་པ་ཞིག་ཡིན་ཞིང་།  རིང་མིན་ཕྱི་ཟླ་ ༥ ཚེས་ ༢༦ ནས་བཞུགས་སྒར་རྡ་རམ་ས་ལར་རྒྱལ་སྤྱིའི་དབུ་མའི་ལམ་གྱི་མི་མང་ཚོགས་ཆེན་ཐེངས་དང་པོ་བསྐོང་འཚོགས་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ་བློ་བྷེ་དང་། བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org