ཨང་སན་སུའུ་ཅི་ལ་ཨ་རིའི་གསེར་གྱི་རྟགས་མ་ཕུལ།

འབར་མའི་མང་གཙོའི་ལས་འགུལ་གཙོ་འཛིན་ད་རེས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་འབྱོར་བྱུང་བ་དང་བསྟུན། ཨ་རིའི་གསེར་གྱི་རྟགས་མ་འབུལ་བཞེས་དང་། སྲིད་འཛིན་མཆོག་དང་མཇལ་མོལ་ཡང་གནང་འདུག

༄༅།    །ཕྱི་ཟླ་དགུ་པའི་ཚེས་༡༩རེས་ལྷག་པའི་ཉིན་འབར་མའི་མང་གཙོའི་ལས་འགུལ་གྱི་གཙོ་འཛིན་དང་འབར་མ་མང་གཙོ་མནའ་མཐུན་ཚོགས་པའི་དབུ་ཁྲིད་ལྕམ་ Aun San Suu Kyi མཆོག་ལ་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཆེས་མཐོའི་གསེར་གྱི་རྟགས་མ་འབུལ་བཞེས་གནང་ཡོད་པ་རེད།  ཨང་སན་སུའུ་ཅི་ལགས་ཀྱིས་ཁ་སང་ད་དུང་།    ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་མཇལ་མོལ་ཡང་གནང་ཡོད་པ་རེད།

ལྕམ་ཨང་སན་སུའུ་ཅི་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་དེ་ཕྱི་ལོ་༢༠༠༨ལོ་ནས་ཕུལ་རྒྱུར་ཐག་གཅོད་གནང་ཡོད་རེད། ཡིན་ན་ཡང་དེའི་སྐབས་འབར་མའི་དྲག་པོའི་སྲིད་གཞུང་གིས་ཁོང་བཟང་བཙོན་དུ་བཞག་ཡོད་པར་བརྟེན།    གཟིངས་རྟགས་དེ་བཞེས་ཐུབ་མེད་པ་རེད། ད་རེས་ཕྱི་ཟླ་དགུ་པའི་ཚེས་༡༨ཉིན་ཁོང་རྒྱལ་ས་ཝ་ཤིན་ཊོན་དུ་ཕེབས་འབྱོར་བྱུང་ནས་དུས་ཡུན་ཉིན་གྲངས་༡༧རིང་ཨ་རིའི་ནང་འཚམས་འདྲི་གནང་བཞིན་ཡོད་པ་རེད། འབར་མ་དྲག་པོའི་གཞུང་གིས་འདས་པའི་ལོ་གཉིས་གོང་ནས་ཆབ་སྲིད་སྒྱུར་བཅོས་བྱས་ནས། ལོ་༢༠རིང་བཟང་བཙོན་དུ་བཅུག་པའི་ཨང་སང་སུ་ཅི་འབར་མའི་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་ཡོད་པས་མ་ཟད། གཟའ་འཁོར་འདིའི་ནང་ཆབ་སྲིད་བཙོན་པ་༥༠༠ལྷག་ཙམ་གློད་གྲོལ་བཏང་ཡོད་པ་རེད།    དེར་བརྟེན་མང་ཚོགས་ཀྱི་ནང་འབར་མ་མང་གཙོའི་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུར་རེ་བ་མཐོང་གི་ཡོད་པ་རེད།།






2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org