བོད་ཀྱི་གནས་ཚུལ་ཁྱབ་སྤེལ་བྱ་རྒྱུར་རོགས་སྐྱོར་ཞལ་བཞེས།

ཨ་མི་རི་ཀའི་རྒྱང་སྲིང་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རིའི་རླུང་འཕྲིན་ཁང་གཉིས་བརྒྱུད་བོད་ཀྱི་གནས་ཚུལ་ཁྱབ་སྤེལ་བྱ་རྒྱུར་རོགས་སྐྱོར་མུ་མཐུད་གནང་རྒྱུའི་ཞལ་བཞེས་གནང་འདུག

འདི་ཚེས་༡༧ རེས་གཟའ་མིག་དམར་ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བཀའ་ཁྲི་བློ་བཟང་སེངྒེ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ འཛམ་གླིང་ནང་མང་གཙོ་དང་རང་དབང་སྲུང་སྐྱོབ་ཆེད་བཙུགས་པའི་ཨ་རིའི་རྒྱང་སྲིང་ལས་ཁུངས་འགན་འཛིན་ལྷན་ཚོགས་ཀྱི་ (Broadcasting Board of Governors) ཚོགས་གཙོ་ མའི་ཁེལ་ མི་ཧན་(Michael Meehan) དང་། རྒྱལ་སྤྱིའི་རྒྱང་སྲིང་ལས་ཁུངས་ International Broadcasting Bureau ཀྱི་འགན་འཛིན་ རི་ཆརྜི་ ཨེམ་  ལོ་བྷོ་ Richard M. Lobo རྣམ་གཉིས་ཆུ་ཚོད་གཅིག་ཙམ་རིང་མཇལ་འཕྲད་སྐབས་  བོད་མིའི་རང་དབང་དང་མང་གཙོའི་ལམ་ལུགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་འཆང་བཞིན་ཡོད་སྐོར་བརྗོད་པ་མ་ཟད། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་བོད་ཀྱི་གནས་ཚུལ་རྒྱ་ཁྱབ་ཏུ་གཏོང་ཐབས་བྱ་རྒྱུའི་ཁས་ལེན་ཡང་གནང་ཡོད་པ་བཙན་བྱོལ་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲྭ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག།   བཀའ་ཁྲིའི་ལྷན་དུ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས། སློབ་སྟོན་པ་སྐལ་རྡོར་དབུ་དཀར་ཚང་ལགས་དང་དྲུང་ཡིག་འཇིགས་མེད་རྣམ་རྒྱལ་ལགས་དང་། རྒྱལ་སྤྱིའི་བོད་ལས་འགུལ་གྱི་གཞུང་འབྲེལ་འགན་འཛིན་ ཊོཌི་ སེཊེའན་(Todd Stein) བཅས་ཡོད་འདུག།   མཇལ་འཕྲད་རྗེས་རྒྱང་སྲིང་ལས་ཁུངས་ཀྱི་འགན་འཛིན་ལྷན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང། རྒྱང་སྲིང་ལས་ཁུངས་ཀྱི་འགན་འཛིན་ལྷན་ཚོགས་ནས་བོད་ཀྱི་གནས་ཚུལ་སྐོར་རླུང་འཕྲིན་དང་བརྙན་འཕྲིན། དྲ་རྒྱ་སོགས་བརྒྱུད་ལམ་འདྲ་མིན་བརྒྱུད་་ཉིན་ལྟར་རྒྱང་སྲིང་བྱེད་བཞིན་པ་དེ་དག་འཛམ་གླིང་ས་ཕྱོགས་ཀུན་ནས་ལྟ་ཉན་ཐུབ་གྱི་ཡོད་པ་དང་།   བོད་མི་ཞི་རྒོལ་བ་ཚོར་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱས་པའི་གནས་ཚུལ་དང་བོད་རང་སྐྱོང་ལྗོངས་དང་། དེ་བཞིན་བོད་རིགས་གནས་སྡོད་ཀྱི་ས་ཁུལ་གཞན་ཁག་ནང་བོད་མིའི་ཆབ་སྲིད་དང་ཆོས་ཕྱོགས་ འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གཙོ་ཆེ་ཤོས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གིས་རྒྱང་སྲིང་གནང་བཞིན་ཡོད་པ་མ་ཟད། ཁུངས་ལྡན་གྱི་གནས་ཚུལ་དེ་དག་ཡང་ཡང་གསར་འགྱུར་བརྒྱུད་ལམ་གཞན་གྱིས་ལུང་འདྲེན་བྱེད་བཞིན་ཡོད་ཅེས་སོགས་འཁོད་འདུག།  འདི་ལོ་ཕྱི་ཟླ་༤ ཚེས་༢༦ ཉིན་སྐུ་ཞབས་ Michael Meehan དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ ལི་བྷི་ལིའུ་ Libby Liu) གཉིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གྲོང་ཁྱེ་ཆི་ཀྭ་གྭོར་ (Chicago) མཇལ་འཕྲད་ཀྱིས་ བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན་སོགས་བརྒྱུད་ལམ་ཁག་རྒྱལ་སྤྱིའི་ནང་རྒྱ་ཁྱབ་དུ་གཏོང་རྒྱུར་འབྲེལ་ཡོད་ལས་ཁུངས་ནས་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུའི་ཆོད་སེམས་ཡོད། ཅེས་སྙན་སྒྲོན་ཞུས་ཡོད་པ་དེ་གཞི་རྩར་བཟུང་བའི་ཐོག་ནས་ཐེངས་འདིར་བཀའ་ཁྲི་མཆོག་དང་ལྷན་གནད་དོན་དེའི་སྐོར་གོ་བསྡུར་གནང་བ་ཞིག་ཡིན་པ་མེ་ཁལ་མི་ཧན་གྱིས་གསལ་བཤད་གནང་ཡོད་འདུག་ ཡང་རྒྱང་སྲིང་ལས་ཁུངས་འགན་འཛིན་ལྷན་ཚོགས་ཀྱིས་འདི་ལོ་ཕྱི་ཟླ་༧ ཚེས་༢༦ཉིན་བོད་སྐད་གསར་འགྱུར་བརྒྱུད་ལམ་ཁག་གི་གལ་གནད་སྐོར་ཉམས་ཞིབ་གནང་བའི་སྙན་ཐོ་ཞིག་ཀྱང་གསལ་བསྒྲགས་གནང་རྒྱུ་ཡིན་འདུག། ཁ་སང་ཚེས་༡༨ཉིན་བཀའ་བློན་ཁྲི་པ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་ཁྲིམས་བཟོ་བ་ ཇོ་སེཕ་ ལི་བརྨན་(Joseph Liberman)་དང་ ཇྭོན་མེཀྣན་(John McCain) རྣམ་གཉིས་མཇལ་འཕྲད་ཀྱིས་བོད་དོན་སྐོར་བཀའ་བསྡུར་གནང་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org