ཀན་ལྷོ་གཙོད་དགོན་པར་དམ་དྲག་དང་འཛིན་བཟུང་།
རྒྱ་ནག་གཞུང་གིས་ཀན་ལྷོ་གཙོད་དགོན་པའི་དགེ་འདུན་པ་གསུམ་འཛིན་བཟུང་བྱས་བ་དང་། རྗེས་སུ་སླར་ཡང་དགེ་འདུན་པ་འགའ་ཤས་འཛིན་བཟུང་བྱས་པ་མང་ཚོགས་ཀྱིས་ཕྱིར་འཕྲོག་ཡོད་འདུག
-
2012-08-08 -
-
-
བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན། ཁ་སང་ཉིན་རྒྱབ་བོད་ཨ་མདོ་གཙོད་དགོན་པའི་ཉེ་འཁྲིས་སུ་སྒྲོལ་དཀར་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་རྗེས། དགོན་པར་གནས་མཇལ་ལ་ཡོང་མཁན་དང་གྲྭ་མང་ཚོས་ཁོང་གི་སྐུ་ཕུང་དགོན་པའི་ནང་ཉར་བར་ཉེས་འཛུགས་བྱས་ཏེ། ཁ་ས་མཚན་མོ་བོད་ནང་གི་ཆུ་ཚོད་༡༠ཡོལ་ཙམ་ལ་རྒྱ་གཞུང་གི་ཉེན་རྟོག་པ་མང་པོ་ཞིག་དགོན་པའི་ནང་འཛུལ་ཏེ། དགེ་འདུན་པ་ཆོས་འཕེལ་ལགས་དང་ཤེས་རབ། བརྩོན་འགྲུས་ལགས་འཛིན་བཟུང་བྱས་འདུག་ཀྱང༌། ད་རང་སྔ་དྲོ་བརྩོན་འགྲུས་ལགས་གློད་བཀྲོལ་བཏང་འདུག། འོན་ཀྱང་སྔ་དྲོ་ཆུ་ཚོད་༥པ་ཙམ་ལ་སླར་ཡང་ཉེན་རྟོག་པའི་རླངས་འཁོར་བཅུ་གྲངས་ཤིག་དགོན་པའི་ནང་འབྱོར་ནས་དགེ་འདུན་པ་༡༧ཙམ་གོང་གི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཁ་ཉེས་བཙུགས་ནས་འཛིན་བཟུང་བྱེད་སྐབས། གྲྭ་མང་མཉམ་རུབ་ཀྱིས་འཛིན་བཟུང་བྱས་པའི་གྲྭ་པ་རྣམས་རྒྱ་མིའི་ལག་ནས་ཚུར་འཕྲོག་འདུག་ལ། ད་ལྟ་ས་གནས་མི་མང་དང་གྲྭ་མང་འདུ་ཁང་མདུན་འཛོམས་ནས་། གྲྭ་ཆོས་འཕེལ་ལགས་ཚུར་རྩིས་སྤྲོད་མ་བྱས་ཚེ་སྐྱ་སེར་གཉིས་ཀས་ཡར་ལངས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག་ཀྱང། ཉེན་རྟོག་པས་ཆོས་འཕེལ་ཟེར་བ་འཛིན་བཟུང་བྱས་མེད་ཅེས་ངོས་ལེན་བྱས་མེད་པ་རེད།
བོད་དོན་ཆེད་རང་སྲོག་བློས་བཏང་གནང་མཁན་སྒྲོལ་དཀར་མཚོ་ལགས་ཀྱི་སྐྱེས་ཡུལ་གཙོད་རྟ་གསར་སྡེ་བ་ཡིན་པ་དང༌། བཟའ་ཟླའི་མིང་ལ་སངས་རྒྱས་དོན་གྲུབ་ཡིན་པ་དང༌། ཁོང་ལ་ཕྲུ་གུ་གཉིས་ཡོད་པའི་ནང་ནས་། རྒན་པ་བུ་མོ་བཎྟེ་མཚོ་ལོ་༥ཡིན་པ་དང༌། ཆུང་བ་བུ་གཡུལ་རྒྱལ་ལོ་༢ལ་སླེབས་ཡོད་འདུག།