འགྲོ་བསྐྱོད་མ་བཅུག་པར་པེ་ཅིན་གནམ་ཐང་ནས་བཀག་འདུག
ཡུ་གུར་བ་ཤེས་ཡོན་ཅན་ཞིག་ཨ་རིར་བསྐྱོད་རྒྱུའི་མཐོང་མཆན་ཡོད་བཞིན་དུ་རྒྱ་ནག་གཞུང་གིས་པེ་ཅིན་གནམ་ཐང་ནས་བཀག་འགོག་བྱས་བ་དང་ཕྱིར་ལོག་བཏང་ཡོད་པ་རེད་འདུག
-
2013-02-06 -
-
-
དེ་ཡང་ཡུ་གུར་བ་ཤེས་ལྡན་པ་Ilham Tohti ཡིས་གསར་འགོད་པར་བརྗོད་དོན། ཁོང་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་གནམ་ཐང་དུ་ཚོུད་༡༢ རིང་བཀག་ཉར་བྱས་པ་མ་ཟད། ཨ་རིར་མ་བཏང་བར་རང་ཁྱིམ་དུ་ཕྱིར་བཏང་ཡོད་པའི་སྐོར་བཤད་པ་དང་། ཁོང་ད་རེས་ཨ་རིའི་Indiana གཙུག་ལག་སློབ་གྲྭར་ལོ་གཅིག་རིང་བསྐྱོད་རྒྱུའི་འཆར་གཞི་ཡོད་ཀྱང་ཕྱི་ཟླ་༢་བའི་ཚེས་༢ རེས་གཟའ་སྤེན་པའི་ཉིན་པེ་ཅིང་གནམ་ཐང་ནས་བཀག་འགོག་བྱས་པ་མ་ཟད། རྒྱ་ནག་གི་ལས་བྱེད་པ་མི་འདྲ་ཁག་གསུམ་དུ་བགོས་ནས་གནས་ཚུལ་འདྲི་རྩད་བྱས་ཡོད་ཀྱང་ཁོང་ཚོ་སུ་གཅིག་ལ་ཁོང་ཨ་རིར་འགྲོ་བསྐྱོད་བྱེད་དུ་མ་བཅུག་པར་བཀག་འགོག་བྱེད་དོན་རྒྱུ་མཚན་གང་ཡང་བཤད་རྒྱུ་མེད་པའི་སྐོར་དང༌། ད་དུང་ཐོག་མར་གནམ་ཐང་ནས་བཀག་ཏེ་ཚོུད་༡༠ རིང་འདྲི་རྩད་སྐབས་ཁ་ལག་དང་། ཆུ་སོགས་ཟ་འཐུང་བྱེད་དུ་མ་བཅུག་པ་མ་ཟད། གཅིན་པ་གཏོང་བར་གསང་སྤྱོད་ལའང་མ་བཏང་བར་ཛ་དྲག་ཆེ་དོགས་བྱས་ཡོད་པའི་གནས་ཚུལ་ངོ་སྤྲོད་བྱས་ཡོད་པ་རེད།
ཡུ་གུར་བ་Tohti ནི་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གནས་སྡོད་བྱེད་མཁན་དཔལ་འབྱོར་རིག་པ་བ་ཞིག་ཡིན་པ་དང༌། ཁོང་གིས་ཤིན་ཅང་གི་ཡུ་གུར་མི་རིགས་ཐོག་རྒྱ་ནག་གཞུང་གིས་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་མངོན་གསལ་དོད་པོས་སྐྱོན་བརྗོད་དང་ཁ་རྡུང་བཏང་མྱོང་ཡོད་པ་རེད་འདུག