རང་བསྲེཊ་དོན་རྐྱེན་རྩད་ཞིབ་ལས་ང་ལ་སྐྱོན་བརྗོད་ཐད་དོ་ཁུར།
རྒྱ་ནག་གིས་བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་མཚན་ཇི་ཡིན་རྟོགས་ཐབས་བྱེད་རྒྱུ་ལས་ང་ལ་སྐྱོན་བརྗོད་བྱ་རྒྱུར་དོ་འཁུར་ཆེ་བ་བྱེད་བཞིན་འདུག་ཅེས་༧གོང་ས་མཆོག་གིས་གསུངས་འདུག
-
2012-11-12 -
-
-
དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་Kyodo གསར་ལས་ཁང་ལ་བཀའ་ལན་གནང་བའི་ནང། རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་བོད་མི་མང་པོས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་ཇི་ཡིན་རྩད་གཅོད་འདྲི་ཞིབ་བྱེད་དགོས་པ་ཞིག་ཡིན་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ནང་གནད་དོན་འདི་ཐོག་ཐུགས་འཁུར་རྩ་བ་ནས་བཞེས་མེད་ལུགས་གསུང་འདུག ད་དུང་རྒྱ་ནག་གཞུང་གིས་བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་མཚན་ཇི་ཡིན་རྟོགས་ཐབས་བྱེད་རྒྱུ་ལས་ང་ལ་སྐྱོན་བརྗོད་བྱ་རྒྱུར་དོ་འཁུར་ཆེ་བ་བྱེད་བཞིན་འདུག་ཅེས་ ༧གོང་ས་མཆོག་གིས་གསུངས་འདུག
དེ་ནི་བདུན་གཅིག་གི་ནང་བོད་མི་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བ་དང་། བདུན་སྔོན་མའི་རེས་གཟའ་ཕུར་བུ་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༨འགོ་འཛུགས་གནང་བའི་རྗེས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རང་ལུས་མེར་བསྲེགས་བཏང་བའི་གནད་དོན་སྐོར་གསུང་བ་ཡིན་ལུགས་ཕ་རན་སི་གསར་འགྱུར་ལས་ཁང་གིས་གསུང་འདུག བོད་རང་སྐྱོང་ལྗོངས་ཀྱི་ཚོགས་གཞོན་བློ་བཟང་རྒྱལ་མཚན་ཟེར་བས་བོད་ནང་རང་ལུས་མེར་བསྲེགས་བཏང་བའི་གནད་དོན་ནི་ཕྱི་རྒྱལ་དུ་ཡོད་པའི་ཏ་ལའི་བླ་མས་དབུ་ཁྲིད་པའི་ཁ་བྲལ་རིང་ལུགས་པས་ལས་འགུལ་བརྩམས་ཏེ་བོད་མི་མང་པོ་ཞིག་ལ་རང་སྲོག་བློས་གཏོང་བྱེད་དུ་བཅུག་གི་ཡོད་ལུགས་སྐྱོན་བརྗོད་ཞུས་ཡོད་པ་རེད།
ད་ལྟ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ནང་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་བཞིན་ཡིན་པ་དང་། སང་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གི་Okinawa གྲོང་ཁྱེར་ནས་ རྒྱལ་ས་Tokyoནང་ཞབས་སོར་འཁོད་དེ་ ཉི་ཧོང་གྲོས་ཚོགས་ནང་བཀའ་སློབ་གནང་རྒྱུའི་མཛད་འཆར་ཡོད་པ་དང་། སྐབས་དེར་གྲོས་ཚོགས་ཀྱི་ཚོགས་མི་བརྒྱ་ལྷག་འདུ་འཛོམས་ཡོང་བའི་རེ་བ་ཡོད་པ་དང་། ཕྱོགས་འགལ་ཚོགས་པའི་དྲུང་ཆེ་Hakubun མཆོག་གིས་ལྷན་ཚོགས་གོ་སྒྲིག་གནང་ཐོག་ ཉི་ཧོང་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གསར་འཛུགས་གནང་འཆར་ཡོད་འདུག
འོན་ཀྱང་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་མགྲིན་ཚབ་པ་ཧོང་ལེའི་(Hong Lei) ཡིས་ཏྭ་ལའི་བླ་མས་ཉི་ཧོང་ནང་རྩོད་རྙོག་ཅན་གྱི་མཚོ་གླིང་སྐོར་་གཏམ་བཤད་དེས་ལོག་གཅོད་པའི་རྣམ་པ་དང་། ཆོས་ཁ་ལ་ཁྱེར་ནས་རྒྱ་ནག་ཁ་བྲལ་གཏོང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་བཏོན་པ་རེད། ད་དུང་ཏྭ་ལའི་བླ་མས་བོད་ནང་བོད་མི་ཚོས་འུ་ཐུག་ཐབས་ཟད་ནས་རང་ལུས་མེར་སྲེག་གཏོང་བཞིན་པའི་ཐད་རྒྱ་ནག་གཞུང་གིས་ཞིབ་འཇུག་གནང་མེད་སྐོར་གསུངས་པ་དེར་ཡང་སྐྱོན་བརྗོད་བྱས་ནས་ཁོ་པས་ཏྭ་ལའི་བླ་མས་རང་ལུས་མེར་སྲེག་གཏོང་མཁན་ཚོར་སྐྱོན་བརྗོད་ཀྱི་ཚབ་ཏུ་ཆེ་བསྟོད་ཞུས་ཡོད་པ་དེ་ནི་རྒྱལ་ཁབ་ཀྱི་ཁྲིམས་དང་ཆོས་ཀྱི་བལྟ་གྲུབ་དང་འགལ་བ་རེད་ཅེས་བཤད་འདུག