རྒྱ་རིགས་མཁས་པའི་བོད་དོན་སྐོར་གྱི་བགྲོ་གླེང་ཚོགས་འདུ།
ཐེ་ཝན་ནང་རྒྱ་རིགས་མཁས་དབང་དང་། ཉམས་ཞིབ་པ། གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན། སློབ་ཕྲུག་སོགས་མཉམ་འཛོམས་ཐོག་བོད་དོན་སྐོར་བགྲོ་གླེང་ཚོགས་འདུ་བསྐོངས་ཚོགས་གནང་ཡོད་འདུག
-
2012-10-16 -
-
-
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་གནས་ཚུལ་བཀོད་པར་ལྟར་ན། འདི་ཚེས་བཅུ་བཞི་ཉིན་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་དང་། ཐེ་ཝན་བོད་རིགས་ཚོགས་པ་གཉིས་ཐུན་མོང་གིས་གོ་སྒྲིག་འོག་རེས་གཟའ་ཉི་མའི་ཉིན་བགྲོ་གླེང་ཚོགས་འདུ་བསྐོངས་ཚོགས་གནང་བའི་ནང་། མཁས་དབང་དང་། ཉམས་ཞིབ་པ་། གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན་། སློབ་ཕྲུག་སོགས་མང་པོ་ཞིག་ཐེ་ཝན་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཅིག་ནས་མཉམ་ཞུགས་གནང་ཡོད་འདུག ཚོགས་ཐེང་དང་པོའི་སྐབས། རྡ་རམ་ས་ལའི་མཐོང་ཐོས་ཞེས་པའི་བརྗོད་གཞིའི་ཐོག་ཉེ་ཆར་ཐེ་ཝན་ཀྲུང་ཧ྄་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན་ཙེང་ཅན་ཡོན་དང་། རིག་གནས་འབུམ་རམ་པ་ཀྲུའུ་ཀྲེང་ཇེ། ཕ་རན་སིའི་ཡུལ་མིའི་གྲངས་ཉུང་མི་རིགས་ཀྱི་ཉམས་ཞིབ་པ་ཀྲུའུ་ཅི་ལི་བཅས་ནས་རྡ་རམ་ས་ལར་བོད་གནས་ཉམས་ཞིབ་ཁང་དང་། ས་རཱ་བོད་ཀྱི་མཐོ་སློབ་གྲྭ་སོགས་དང་མཉམ་འབྲེལ་བཞུགས་མོལ་གནང་བ་སོགས་ཀྱི་གནས་ཚུལ་རྣམས་ངོ་སྤྲོད་གནང་བ་དང་། དེ་ནས་དོན་གཅོད་ཟླ་བ་ཚེ་རིང་ལགས་ནས་བོད་ནང་གི་གནས་སྟངས་སྤྱི་དང་ལྷག་པར་དུ་ཉེ་ཆར་ནས་བཟུང་བོད་ནང་བོད་མི་མང་པོས་རང་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པའི་གནས་སྟངས་ཀྱི་རྒྱུ་རྐྱེན་སོགས་གསལ་བཤད་གནང་ཡོད་པ་རེད།
དེ་བཞིན་རྒྱ་རིགས་མཁས་དབང་དང་ཕྱི་རྒྱལ་ནས་ཕེབས་པ་ཚོས་བོད་ནང་གི་ད་ལྟའི་གནས་སྟངས་དང་རྒྱ་ནག་ནང་དཔོན་རིགས་འཕོ་འགྱུར་འགྲོ་ལ་ཉེ་བའི་དུས་ཚོད་དང་འབྲེལ་བའི་གནད་དོན་སོགས་ཀྱི་སྐོར་དང་ལས་འགུལ་སྤེལ་ཕྱོགས་བཅས་ཀྱི་སྐོར་བགྲོ་གླེང་ལྷུག་པོ་གནང་བའི་རྗེས་སུ་ཚོགས་བཅར་བ་ཚོས་བཅར་འདྲི་དང་ལེན་གནང་བ་སོགས་ཀྱི་ལམ་ནས་གོ་སྒྲིག་གནང་མཁན་ཚོས་འདོད་བློ་ཁེངས་པའི་ཚོགས་འདུ་ཞིག་བྱུང་ཡོད་པར་ངོས་འཛིན་གནང་གི་ཡོད་འདུག བགྲོ་གླེང་ཚོགས་འདུའི་ཐོག་ཕེབས་མཁན་མང་ཆེ་བ་རྒྱ་ནག་དང་བོད་ནང་ཕེབས་མྱོང་མཁན་ཤ་སྟག་ཡིན་པ་མ་ཟད་རང་རང་གི་མཐོང་ཐོས་ཉམས་མྱོང་གཞི་ལ་བཞག་པའི་ཐོག་ནས་རྩོམ་བྲིས་དང་། གསུངས་བཤད་གནང་ཡོད་འདུག