གང་སར་འཁྲུངས་སྐར་སྲུང་བརྩི་དང་མཛད་འཕྲིན་དྲན་གསོ།

བཞུགས་སྒར་ཁུལ་གཙོས་བོད་ཕྱི་ཕྱོགས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གཟབ་རྒྱས་སྲུང་བརྩི་དང་མཉམ་རླབས་ཆེན་མཛད་འཕྲིན་དྲན་གསོ་གནང་འདུག

ཕྱི་ཟླ་བདུན་པའི་ཚེས་༦ ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར་བཙན་བྱོལ་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ནས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་རླབས་ཆེན་གྱི་མཛད་འཕྲིན་སྐྱང་གནང་བའི་མཛད་རྣམ་སྙིང་བསྡུས་དྲན་གསོ་ཞུས་པ་དང༌།  བོད་ནང་གི་ཛ་དྲག་གི་གནས་སྟངས། བཙན་བྱོལ་ནང་དུ་བོད་མིར་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ། མི་ལོ་༥༠ ལྷག་རིང་བཙན་བྱོལ་བོད་མི་ཚོར་རྒྱ་གར་གཞུང་དང་མི་དམངས་ཀྱིས་མཐུན་འགྱུར་གནང་བ་སོགས་དྲན་གསོ་གནང་བ་སྦྲགས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།
བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་དེའི་ནང་དུ། ད་རེས་སྐུའི་འཁྲུངས་སྐར་གྱི་མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམས་ལ་འཚམས་འདྲི་ཞུས་ཏེ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་༡༩༥༩ ལོར་རྒྱ་གར་ཡུལ་དུ་བཙན་བྱོལ་དུ་ཕེབས་མ་ཐག་ནས་བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་དང་། ནང་ཆོས་བསླབ་པ་སློབ་གཉེར་གནང་ཡུལ་དགོན་སྡེ། བོད་མིའི་གཞིས་ཆགས་བཅས་གསར་འཛུགས་གནང་བ་མ་ཟད། ཕྱི་ལོ་༡༩༦༠འི་ལོར་བཙན་བྱོལ་དམངས་གཙོའི་ལམ་སྲོལ་གསར་གཏོད་གནང་སྟེ། རིམ་བཞིན་འཕེལ་རྒྱས་ཕྱོགས་སུ་བསྐྱོད་པ་ལྟར། ༢༠༡༡ ལོར་བཀའ་བློན་ཁྲི་པ་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱ་རྒྱུའི་ལམ་ལུགས་དང༌། ༢༠༡༡ ལོར་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་སྐུ་དབང་མི་དམངས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་བ་སོགས་ད་ཆ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཏེ་ཁྲིམས་མཐུན་གྱི་གནས་བབ་ལྡན་པའི་མང་གཙོའི་ལམ་ལུགས་སྲ་བརྟན་ཅན་དུ་བསྒྱུར་བཅོས་མཛད་པ་སོགས་མགོན་པོ་གང་ཉིད་ཀྱི་ཆོས་སྲིད་ཀྱི་རླབས་ཆེན་གྱི་མཛད་འཕྲིན་མཐའ་དག་ལ་འཛམ་གླིང་ཡོངས་ནས་མངོན་པར་བསྟོད་དེ། འཛམ་གླིང་ནང་མཚན་སྙན་ཆེ་བའི་Nobel ཞི་བདེའི་གཟེངས་རྟགས་སོགས་སྙན་གྲགས་ཅན་གྱི་གཟེངས་རྟགས་བརྒྱ་ཕྲག་དུ་མ་འབུལ་ལམ་ཞུས་ཡོད། ད་བར་དུ་༧གོང་ས་མཆོག་སྐུའི་གསང་གསུམ་ལ་ཚུལ་བསྟན་སྐུ་བགེགས་ཀྱི་མཚན་མ་ཆ་ཕྲ་མོས་ཀྱང་མ་རེག་པར། ཞབས་པད་མི་འགྱུར་རྡོ་རྗེ་རྟག་བརྟན་ཀྱི་ངོ་བོར་འཚོ་ཞིང་བཞེས་པ་ནི། གཙོ་བོ་མགོན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱི་བྱིན་མཐུ་དང༌། བོད་མི་དམངས་སྤྱི་མཐུན་གྱི་བསོད་ནམས། བོད་སྐྱོང་ལྷ་སྲུང་དམ་ཅན་རྒྱ་མཚོའི་འཕྲིན་ལས་བཅས་དང༌། དེའི་ཐོག་གཙོ་བོ་རྒྱ་གར་དབུས་དང་ས་གནས་གཞུང་གི་ཐུག་འགན་རྐང་བཞེས་ཐོག་ བླ་ལྷ་ཡོངས་ཀྱིས།  གཙོ་བོ་མགོན་པོ་གང་ཉིད་ཀྱི་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ་དང༌། ཆོལ་གསུམ་བོད་མི་ཡོངས་རྫོགས་དམ་ཚིག་རྡོག་རྩ་གཟོང་ཁ་གཅིག་སྒྲིལ་ཐོག་སྤྱི་མཐུན་གྱི་བསོད་ནམས་ལ་རག་ལུས་ཡོད་པ་གསུང་གཅིག་གྲགས་ལ་བརྟེན། དེ་དོན་བོད་མི་ཡོངས་ཀྱིས་ཉམས་ལེན་མ་ཕྱུག་པ་གནང་དགོས་པ་ནི་དོན་གྱི་སྙིང་པོ་ཡིན་པ་སླར་ཡང་དྲན་སྐུལ་དང་འབྲེལ་འབོད་སྐུལ་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེད།
ཡང་ France གྲོས་ཚོགས་ཀྱི་ཐོག་ཁང་དུ་གསོལ་ཇ་བཞེས་ཐོག་གི་སྣེ་ལེན་གྱི་མཛད་སྒོ་ཚོགས་ཏེ། མཛད་སྒོའི་ཐོག་བཙན་བྱོལ་བོད་གཞུང་གི་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ཚེ་རིང་ལགས་ཀྱིས་གཙོས་པའི་France གྲོས་ཚོགས་ཀྱི་འཐུས་མི་དང་རྒྱལ་ས་Paris དུ་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་པ་། དེ་བཞིན་ཕྱི་རྒྱལ་གཞུང་ཚབ་ཁང་གི་སྐུ་ཚབ། France ནང་དུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་མི་འདྲ་བ་ཁག ་ སྤྱི་ཚོགས་བདེ་དོན་ཚོགས་པ། ནང་པའི་ཆོས་ཚོགས། France བོད་རིགས་ཚོགས་པ་སོགས་France དང་ཕྱི་རྒྱལ་གྱི་གནད་ཡོད་སྐུ་ཚབ་ཕེབས་ཡོད་པ་རེད། མཛད་སྒོའི་དབུ་འབྱེད་དུ། France གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Jean Francois Humbert མཆོག་གིས། བཙན་བྱོལ་བོད་གཞུང་གི་བདེ་སྲུང་བཀའ་བློན་མཆོག་དང༌། སྐུ་མགྲོན་ཡོངས་ལ་མཛད་སྒོར་ཕེབས་པ་དགའ་བསུའི་འཚམས་འདྲི་གནང་བ་མ་ཟད། France གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི། བོད་ཀྱི་བདེན་མཐའ་སེལ་ཐབས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུ་ཡིན་པ་དང༌། བོད་མི་ཚོར་ང་ཚོའི་རྒྱབ་སྐྱོར་དགོས་པའི་དུས་ཡིན་པ་སོགས་གསུང་ཡོད་པ་རེད། དེ་རྗེས་བཀའ་བློན་མཆོག་གི་གསུང་བཤད་ནང༌། བོད་མི་དང། དམིགས་བསལ་བོད་ནང་དུ་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཚོའི་ཚབ་ཞུས་ཏེ་France གཞུང་དང་མི་དམངས་ཀྱིས་ད་བར་བོད་དོན་ཐོག་ལ་མཐའ་ཅིག་ཏུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་དང༌། མཛད་སྒོ་གྲུབ་པའི་རྗེས་France བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་གིས་བཀའ་བློན་མཆོག་ལ་ཆེ་བསྟོད་ཀྱི་གསོལ་ཚིགས་སུ་གདན་ཞུ་གནང་ཡོད་པ་རེད། བཀའ་བློན་འབྲོང་ཆུང་དངོས་གྲུབ་ཚེ་རིང་ལགས། དེང་སྐབས་ཡོ་རོབ་རྒྱལ་ཁབ་France དུ་འཚམས་འདྲི་ཕེབས་བཞིན་པ་དང༌། དེ་རྗེས་མུ་མཐུད་ནས་Netherland, Beljium, Spain ནང་འཚམས་འདྲིར་ཕེབས་རྒྱུ་དང༌། འཚམས་འདྲིའི་རིང་ལ་རྒྱལ་ཁབ་སོ་སོའི་གཞུང་གི་དཔོན་རིགསདང༌། གྲོས་ཚོགས་ཀྱི་འཐུས་མི། བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་རིགས་ཚོགས་པ་རྣམས་ལ་མཇལ་འཕྲད་གནང་གི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org