༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་གྲ་སྒྲིག
འཛམ་གླིང་ས་ཕྱོགས་གང་སར་བོད་མི་ཚོས་༧གོང་ས་མཆོག་དགུང་གྲངས་༧༧ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ལ་གྲ་སྒྲིག་བྱེད་བཞིན་པ་རེད།
-
2012-07-05 -
-
-
སང་ཉིན་ནི་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོས་ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༧ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་སྲུང་བརྩི་ཞུ་གི་ཡོད་པ་ལྟར། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ད་ལོའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་གྱི་རྟེན་འབྲེལ་མཛད་སྒོའི་ཐོག ཧི་མ་ཅའ་མངའ་སྡེའི་ས་གནས་ཀྱི་དཔོན་རིགས་དང་འབྲེལ་ཡོད་མང་པོ་ཞིག་གདན་དྲེན་ཞུ་རྒྱུའི་འཆར་གཞི་ཡོད་ཅིང་། དེའི་ནང་ ཧི་མ་ཅའ་མངའ་སྡེིའི་སྤྱི་ཁྱབ་དང་ ཧི་མ་ཅའ་མངའ་སྡེའི་ཁོངས་གཏོཌ་ས་གནས་ཁང་གི་དཔོན་རིགས་སོགས་རྟེན་འབྲེལ་མཛད་སྒོར་གདན་ཞུ་ཕུལ་ཡོད་པ་དང་། ཡིན་ནའི་ད་ལྟའི་ཆར་སུ་ཕེབས་མིན་ར་འཕྲོད་ཁ་གསལ་བྱུང་མེད་པ་མཛད་སྒོ་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་བཀྲིས་ཕུན་ཚོགས་ལགས་ནས་DNDདྲ་གནས་བརྒྱུད་ལམ་ཐོག་འགྲེལ་བརྗོད་ནང་འདུག སྐུའི་འཁྲུངས་སྐར་གྱི་མཛད་སྒོ་སང་ཉིན་སྔ་དྲོ་གཙུག་ལག་ཁང་ཐེག་ཆེན་ཆོས་གླིང་དུ་ཚུགས་རྒྱུ་དང་། ཉིན་རྒྱབ་སྲོལ་རྒྱུན་གྱི་གཞས་སྣ་སོགས་གཟིགས་འབུལ་གྱི་ལས་རིམ་བཀོད་སྒྲིག་གནང་ཡོད་འདུག དེ་དང་དུས་མཚུངས་བོད་ཀྱི་བེུད་ལྷན་ཚོགས་ནས་སྐུའི་འཁྲུངས་སྐར་ཉིན་རྣམ་དཀར་དགེ་བའི་ལས་དགན་འབའ་ཞིག་སྒྲུབ་གཏན་འཁེལ་བའི་ནང་། ཁོར་ཡུག་སྲུང་སྐྱོབ་ཆེད་ལྗོན་ཤིང་མེ་ཏོག་བགོ་འགྲེམས་འདེབས་བཙུགས་དང་། སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་མཛེ་ནད་ཅན་ལ་ཟས་སྦྱིན་ ཡུལ་མིའི་མཐུན་ལམ་ཆེད་ས་གནས་དཔོན་རིགས་དང་གནད་ཡོད་མི་སྣ་ཁག་ལ་མཚོན་དོན་མངར་ཟས་འབུལ་རྒྱུ་བཅས་གནང་རྒྱུ་ཡིན་འདུག ད་ལོའི་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་ཕྱོགས་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པར་རྩིས་སྤྲོད་གནང་བའི་རྗེས་ཀྱི་སྐུའི་འཁྲུངས་སྐར་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།