ཁུམ་བུ་མེ་ལྷར་ཆིབས་བསྒྱུར་ཕྱིར་བཤོལ་གནང་འདུག

བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཧིན་རྡུའི་ཆོས་ཕྱོགས་ཀྱི་ཁུམ་བུ་མེ་ལྷ་དུས་སྟོན་གྱི་མཛད་སྒོར་ཆིབས་བསྒྱུར་གནང་རྒྱུ་ཕྱིར་བཤོལ་གནང་དགོས་བྱུང་ཡོད་འདུག

དེ་ཡང་གནས་ཚུལ་ལྟར་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདས་པའི་རེས་གཟའ་ཉི་མའི་ཉིན་རྒྱ་གར་བྱང་ཕྱོགས་ཨུ་དར་པར་དེ་ཤེའི་མངའ་སྡེའི་ཨ་ལ་བྷ་དེ་གྲོང་ཁྱེར་ནང་ཚོགས་བཞིན་པའི་ཁུམ་བུ་མེ་ལྷ་ཞེས་ཧིན་རྡུའི་ཆོས་ཕྱོགས་ཀྱི་དུས་སྟོན་གྱི་ཆ་ཤས་སུ་ནང་ཆོས་དང་འབྲེལ་བའི་ཕྱག་དཔེ་དང་། ཆོས་རྫས་རིགས་ཡོད་པའི་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པ་དེ་དག་དབུ་འབྱེད་གནང་བར་ཕེབས་རྒྱུར་གདན་འདྲེན་ཞུས་ཡོད་པ་ལྟར་ཆིབས་བསྒྱུར་གནང་རྩིས་གནང་ཡོད་པ་རེད། འོན་ཀྱང་སྐབས་མཚམས་སུ་སྲུང་སྐྱོབ་ཀྱི་གནད་དོན་དང་འབྲེལ་བའི་ཐོག་མངའ་སྡེའི་གཞུང་ནས་ཆོག་མཆན་ཐོབ་མེད་པའི་རྐྱེན་གྱིས་ཆིབས་བསྒྱུར་གནང་རྒྱུ་ཕྱིར་བཤོལ་གནང་དགོས་བྱུང་ཡོད་འདུག

དེའི་ཐད་ཧིན་རྡུའི་ཆོས་ཚོགས་ཀྱི་མགྲིན་ཚབ་པ་པ་ཝན་ཤི་རི་ཝས་ཏཝ་གྱིས། མཛད་རིམ་གཞིར་བཟུང་༧གོང་ས་ཏཱ་ལའི་བླ་མ་མཆོག་གཟའ་ཉི་མའི་ཆུ་ཚོད་བཅུ་གཅིག་ཙམ་ལ་གནམ་ཐང་ལ་ཕེབས་རྒྱུ་ཡིན་ནའང་། མངའ་སྡེའི་གཞུང་ནས་སྲུང་སྐྱོབ་ཀྱི་ཆོག་མཆན་དུས་ཐོག་གནང་མ་ཐུབ་པའི་རྐྱེན་གྱིས་ཕྱིར་བཤོལ་གནང་དགོས་བྱུང་ཡོད་ལུགས་གསུངས་འདུག

ཧིན་རྡུའི་ཆོས་ཕྱོགས་ཀྱི་དུས་ཆེན་དེར་ཧིན་རྡུའི་ཆོས་བྱེད་མཁན་ཙམ་མ་ཡིན་པར་འཛམ་གླིང་ཁྱོན་ཡོངས་ནས་མི་མང་ས་ཡ་མང་པོས་མཉམ་ཞུགས་བྱེད་པའི་དུས་ཆེན་གལ་ཆེན་ཞིག་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org