༸གོང་ས་མཆོག་དང་སར་ཀོ་ཛིའི་མཇལ་འཕྲད་ལ་འགྱུར་མེད།

ཧྤ྄ེ་རེནས྄་སྲིད་འཛིིན་དང་༸གོང་ས་མཆོག་རྣམ་གཉིས་ཀྱི་མཇལ་འཕྲད་དེས་ཧྤེ་རེནས྄་དང་རྒྱ་ནག་བར་རྙོག་ཁྲ་ཡོང་མི་སྲིད་པ་ཞིག་ཡིན་པ་གསུངས་བ།

༄༅༎རིང་མིན་ཧྤེ་རེནས྄་ཡི་སྲིད་འཛིན་དང་༸གོང་ས་མཆོག་རྣམ་གཉིས་མཇལ་འཕྲད་གནང་འཆར་ཡོད་པ་དེས་ཧྤེ་རེནས྄་དང་རྒྱ་ནག་གི་འབྲེལ་བར་དོ་ཕོག་ཡོང་སྲིད་པའི་སྐད་ཆ་དེ་ཚོར་ངོས་ལེན་མེད་ཅེས་ཧྤེ་རེནས྄་ཡི་ཕྱི་སྲིད་བློན་ཆེན་རྦར་ནཌ་ཀོའུ་ཅ་ནིར་ཡིས་གསུངས་ཡོད་པ་མ་ཟདཟླ་འདིའི་ཚེས་བཅུ་བཞི་ཉིན་ཧྤེ་རེནས྄་ཡི་གྲོང་ཁྱེར་ནའིསི་ནང་གསར་འགོད་པའི་འདྲི་བར་ལན་འདེབས་གནང་བའི་སྐབས་སྐུ་ཞབས་རྦར་ནཌ་ཀོའུ་ཅ་ནར་ཡིས་གནད་དོན་འདིའི་ཐད་ཧྤེ་རེནས྄་ཡི་སྲིད་འཛིན་ནིཀོ་ལས྄་སར་ཀོ་ཛི་ཡིས་འཛིན་པའི་ལངས་ཕྱོགས་དེ་ནི་ཡང་དག་པ་ཞིག་ཆགས་ཀྱི་ཡོད་ལ་རང་ངོས་ནས་ཀྱང་ད་བར་༸གོང་ས་མཆོག་དང་ལྷན་དུ་ཐེངས་ཉི་ཤུ་ཙམ་མཇལ་འཕྲད་ཞུས་མྱོང་ཡོད་དེ་འདྲ་ཡིན་དུས་སྲིད་འཛིན་སར་ཀོ་ཛི་དང་༸གོང་ས་མཆོག་རྣམ་པ་གཉིས་ཀྱི་མཇལ་འཕྲད་དེའི་རྐྱེན་པས་རྙོག་ཁྲ་གནོན་མ་གང་ཡང་ཡོང་གི་མ་རེད་ཅེས་གསུངས་འདུག་ལ་ཡང་གནད་དོན་འདིའི་སྐོར་ཧྤེ་རེནས྄་སྲིད་འཛིན་སར་ཀོ་ཛི་ཡིས་ཀྱང་དགོངས་ཚུལ་གསུངས་པའི་ནང་ཟླ་བ་རྗེས་མའི་ནང་ཁོང་དང་༸གོང་ས་མཆོག་མཇལ་འཕྲད་གནང་འཆར་ཡོད་པ་དེའི་ཐོག་རྩོད་རྙོག་ཡོང་དགོས་པའི་དོན་གང་ཡང་མེད་ཀྱང་གལ་སྲིད་རྩོད་རྙོག་གི་གནས་ཚུལ་བྱུང་བ་ཡིན་ན་ཡང་དེ་ནི་གནད་དོན་འདིའི་སྐོར་བགྲོ་གླེང་དང་གྲོས་མོལ་བྱ་རྒྱུའི་གོ་སྐབས་བསྣོན་མ་ཞིག་ཆགས་ཀྱི་རེད་ཅེས་གསུངས་འདུག

གོང་ཞུས་ཧྤེ་རེནས྄་ཡི་དབུ་ཁྲིད་རྣམ་པས་བསྟན་པའི་དགོངས་ཚུལ་དེ་དག་ནི་ཟླ་བ་རྗེས་མའི་ནང་ཧྤེ་རེནས྄་ཡི་སྲིད་འཛིན་སར་ཀོ་ཛི་ཡིས་ཡུ་རོབ་ཀྱི་ཡུལ་གྲུ་པོ་ལེནཌ་ནང་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུའི་གསལ་བསྒྲགས་གནང་བ་དེར་རྒྱ་ནག་གཞུང་གིས་ངོ་རྒོལ་གྱི་གཏམ་བཤད་བྱས་པར་ལན་འདེབས་གནང་བ་ཞིག་ཡིན་པ་རེད༎

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org