གཞུང་ལམ་གསར་རྒྱག་དུས་ཐོག་མ་ཚར་བར་བརྡ་ཐོ།
རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་གཞུང་གིས་གཞུང་ལམ་གསར་རྒྱག་བྱེད་མཁན་རྒྱ་ནག་གི་ཁེ་གཉེར་ཁང་ཞིག་གིས་ལས་དོན་དུས་ཐོག་མ་ཚར་བའི་རྐྱེན་གྱིས་ཁེ་གཉེར་ཁང་དེའི་འགོ་ཁྲིད་འབོད་འགུག་བྱས་འདུག
-
2012-07-23 -
-
-
རྒྱ་ནག་གི་ Longjian གཞུང་ལམ་དང༌ཟམ་པ་འཛུགས་སྐྲུན་ཁེ་ལས་ཁང་ལ་༢༠༠༨ལོར་ ཧི་མ་ཅལ་མངའ་སྡེའི་གྲོང་ཁྱེར་Shimla ཁུལ་ཀི་ལོ་མི་ཊར་༨༠ཡོད་པའི་Theog Kotkhai Rohru གཞུང་ལམ་དང༌། ཡང་Unaརྫོང་ཁུངས་ཀི་ལོ་མི་ཊར་༤༥བྱས་པའི་Mehatpur Una Amb གཞུང་ལམ་ཁག་གཉིས་འཛུགས་སྐྲུན་གསར་རྒྱག་གི་ལས་གཞི་བོག་མར་སྤྲད་ཡོད་པ་དང༌། ལས་གཞི་དེ་དག་དངོས་འབྲེལ་བྱས་ན་སྔ་ལོ་འམ་ད་ལོའི་འགོ་སྟོད་ལས་བཞུགས་དོག་ཚར་བ་དགོས་ཀྱི་ཡོད་ནའང༌། རྒྱ་གར་སྒོར་མོ་Crore ༣༥༤གནས་པའི་ལས་གཞི་དེ་དག་མཇུགས་སྒྲིལ་མ་ཐུབ་བར་ལས་དོན་འགག་སྡད་ཡོད་པ་རེད།
Una རྫོང་ཁུངས་ཀྱི་གཞུང་ལམ་དེ་ནི་ བཙན་བྱོལ་བོད་གཞུང་གི་བསྟི་གནས་བཞུགས་སྒར་རྡ་རམ་ས་ལ་དང་རྒྱལ་ས་ལྡི་ལི་བར་འབྲེལ་མཐུད་བྱེད་མཁན་གྱི་གཞུང་ལམ་ཞིག་ཆགས་ཀྱི་ཡོད་པ་དང༌། བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འགྲུལ་འཁོར་བརྒྱུད་ཆིབས་བསྒྱུར་གནང་སའི་གཞུང་ལམ་གཙོ་བོ་དེ་ཡིན་པ་རེད།
ཧི་མ་ཅལ་མངའ་སྡེའི་གཞུང་ལམ་ལས་དོན་བློན་ཆེན་Gulab Sing Thakur ཡིས་ཟླ་བ་འདིའི་ཚེས་ཤར་ནང༌རྒྱ་གར་གྱི་གསར་ཤོག་Indian Express ལ་གནས་ཚུལ་འགྲེལ་བརྗོད་གནང་བའི་སྐབས་སུ། ཧི་མ་ཅལ་གཞུང་གིས་གུག་ལོས་བཟོད་ཐབས་མེད་པའི་སྐོར་གསུངས་ཏེ། ལས་གཞི་དེའི་ཐོག་བློ་བསྡུར་བྱ་ཡུལ་ཁག་གིས་བཏོན་པའི་སྙན་ཐོ་དང་། འཛམ་གླིང་དངུལ་ཁང་གིས་རྟོག་ཞིབ་གནང་བའི་གནས་ཚུལ་ཁག་ལ་ལྟས་ན་། དུས་ཚོད་ཕར་འགྱངས་བྱེད་མིན་ལ་མ་ལྟོས་པར་རྒྱ་ནག་གི་ཁེ་གཉེར་ལས་ཁང་དེས་ལས་དོན་དེ་སྒྲུབ་ཐུབ་ཨེ་ཡོང་མཉམ་པའི་དོགས་གཞི་ཆེ་རུ་ཕྱིན་ཡོད་སྐོར་Gulab Sing Thakur ཡིས་གསུངས་བཞག། ལས་གཞིའི་དེའི་ཐོག་ལྟ་རྟོགས་གནང་མཁན་མངའ་སྡེའི་གཞུང་ལམ་ལས་དོན་སྤྱི་ཁྱབ་Naresh Sharma ཡིས་རྒྱ་ནག་གི་ཁེ་གཉེར་ལས་ཁང་དེར་བརྡ་ཐོ་ཐེངས་མང་པོ་བཏང་ཟིན་པ་དང༌། རྒྱ་གར་ནང་གི་ཁེ་གཉེར་ལས་ཁང་དེའི་འགོ་ཁྲིད་རྒྱ་ནག་ལ་ཡོད་པ་དེ་རིང་ཕྱིར་ལོར་བྱེད་ཀྱི་ཡོད་པ་དང༌། མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་གཙོ་སྐྱོང་འོག་སང་ཉིན་ཕྱི་ཚེས་༢༤ཉིན་ཚོགས་འདུ་ཞིག་གནང་རྒྱུ་ཡིན་པ་དེའི་ཐོག་རྒྱ་ནག་གི་ཁེ་གཉེར་ལས་ཁང་ལ་གཞུང་ལམ་གསར་རྒྱག་ཐད་མཐའ་མའི་ཐག་གཅོད་བྱ་དགོས་རྒྱུའི་བཀའ་མོལ་གནང་རྩིས་ཡོད་སྐོར་འགྲེལ་བརྗོད་གནང་བ། རྒྱ་གར་གྱི་གསར་ཤོག་Times of Indiaས་ལུང་འདྲེན་བྱས་འདུག།
རྒྱ་ནག་གི་ཁེ་གཉེར་ལས་ཁང་དེས་ཧི་མ་ཅལ་མངའ་སྡེའི་གཞུང་ཕྱོགས་ནས་ས་ཆ་བེད་སྤྱོད་ཆོག་པའི་ཆོག་མཆན་དུས་ཐོག་མ་སྤྲད་པར་འགོར་འགྱངས་བཏང་བ་དང་དེ་བཞིན་རྒྱ་གར་དབུས་གཞུང་ནས་རྒྱ་མིའི་ལས་བྱེད་པ་ཚོའི་ཐོང་མཆན་ཕྱིར་བསྡུ་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་འདྲ་མིན་བྱས་འདུག