བོད་དང་ཚོང་འབྲེལ་བྱེད་མཁན་གཙོ་བོ་བལ་ཡུལ།

བལ་ཡུལ་ནི་བོད་དང་ཚོང་འབྲེལ་བྱེད་མཁན་གཙོ་བོ་དེ་ཡིན་སྐོར་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཤིག་གིས་བཤད་པ་རྒྱ་ནག་གིས་གནས་ཚུལ་སྤེལ་འདུག

དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། རེས་གཟའ་ཉི་མའི་ཉིན་བོད་ཀྱི་ས་གནས་སྲིད་གཞུང་གི་ཚོང་དོན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་གྷའོ་ཡིན་ཧོས་འགྲེལ་བརྗོད་བྱས་པར་ལྟར་ན། བོད་རང་སྐྱོང་ལྗོངས་དང་ཚོང་འབྲེལ་བྱེད་མཁན་གཙོ་བོ་ཞིག་ནི་བལ་ཡུལ་ཡིན་པ་དང་། འདས་པའི་ལོ་དེའི་ནང་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཚོང་གི་བརྒྱ་ཆ་བདུན་བཅུ་ཙམ་བལ་ཡུལ་མཉམ་བྱུང་ཡོད་པ་དཔེར་ན། སྔ་ལོའི་ཚོང་འབྲེལ་ནི་ཨ་རིའི་དྲོ་ལར་ས་ཡ་༩༤༥ ཙམ་བྱུང་ཡོད་པ་ནི་ཧ་ཅང་འཕར་ཆ་ཆེན་པོ་ཆགས་ཀྱི་ཡོད་འདུག ཡང་ཚོང་འབྲེལ་ཐོག་བལ་ཡུལ་དང་འབྲེལ་བ་ཡག་པོ་ཡོང་བའི་རྒྱུ་མཚན་གནད་དོན་གསུལ་འགྲེལ་བཤད་བརྒྱབ་པའི་ནང་། འགྲུལ་ལམ་གྱི་ཆ་ནས་བལ་ཡུལ་དང་བོད་ཐག་ཉེ་འབྲེལ་མཚུངས་ཆགས་ཀྱི་ཡོད་པ་མ་ཟད་ས་མཚམས་སུ་ཚོང་འབྲེལ་བརྗེ་ལེན་གྱི་ལས་དོན་ལོ་རེ་བཞིན་ཇེ་མང་དུ་འགྲོ་གི་ཡོད་པ་དང་། དེ་བཞིན་ཡུལ་གྲུ་གཉིས་ཀའི་ནང་། ཚོང་འདུས་ཀྱི་ཚོགས་པའི་ལམ་ནས་ཕན་ཚུན་ཚོང་ཟོག་བརྗེ་ལེན་དང་འགྲེམས་སྤེལ་བྱས་པ་བརྒྱུད་ནས་ཀྱང་ཚོང་འབྲེལ་ཡག་ཏུ་འགྲོ་གི་ཡོད་པ། ཡང་ཕྱོགས་གཉིས་ཀའི་ངོས་ནས་ཚོང་འབྲེལ་ཡག་ཏུ་གཏོང་རྒྱུའི་གྲོས་མོལ་ཡང་སེ་བྱེད་པ་མ་ཟད་འབྲེལ་ཡོད་ལས་བྱེད་ཚོ་འཚམས་འདྲི་གཟིགས་བསྐོར་བྱས་པ་བརྒྱུད་བཅས་ནས་ཕན་ཚུན་འབྲེལ་བ་བཟང་དུ་འགྲོ་གི་ཡོད་པ་དེས་རང་བཞིན་གྱི་ཚོང་འབྲེལ་གྱི་ཐོག་ལའང་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་བཅས་ཀྱི་རྒྱུ་མཚན་ངོ་སྤྲོད་བྱས་ཡོད་པ་རེད། འདས་པའི་ལོ་གསུམ་ནང་། བོད་རང་སྐྱོང་ལྗོངས་ས་གནས་སྲིད་གཞུང་གི་དཔོན་རིགས་དང་། བལ་ཡུལ་གྱི་འབྲེལ་ཡོད་དཔོན་རིགས་དབར་མཇལ་འཕྲད་གནང་ཡོད་པའི་བརྒྱུད་རིམ་སྐོར་ཡང་གོང་ཞུས་རྒྱ་ནག་གཞུང་གི་ས་གནས་སྲིད་གཞུང་གི་ལས་བྱེད་གྷའོས་འགྲེལ་བརྗོད་བྱས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org