སྲིད་དབང་བལྟ་བ་མཁྲེགས་འཛིན་ཅན་ལ་སྤྲོད་རྒྱུའི་ཉེན་ཁ།

རྒྱལ་སྤྱིའི་བལྟ་རྟོགས་ཚོགས་པ་ཞིག་གིས་མ་འོངས་བལ་ཡུལ་གྱི་སྲིད་དབང་བལྟ་བ་མཁྲེགས་འཛིན་ཅན་གྱིས་འཛིན་བཟུང་རྩིས་སྤྲོད་བྱ་རྒྱུ་ནི་ཉེན་ཁ་ཆེན་པོ་ཡོད་པའི་ཉེན་བརྡ་བཏང་འདུག

དེ་ཡང་Belgium རྒྱལ་ས་Brussels དུ་ཡོད་པའི་རྒྱལ་སྤྱིའི་དཀའ་རྙོག་ཐོག་ལ་རྟོགས་ཞིབ་གནང་མཁན་ICG ཞེས་པའི་ཞིབ་འཇུག་ལས་ཁང་གིས་བལ་ཡུལ་གྱི་གནས་སྟངས་ལ་ཞིབ་འཇུག་གནང་བའི་སྙན་ཐོ་ཁག་གཉིས་བཏོན་པའི་ནང་དུ། བལ་ཡུལ་རྒྱལ་ཁབ་དེའི་ནང་ཆབ་སྲིད་ཚོགས་པ་ཁག་ཕན་ཚུན་དབར་ལྟ་བ་མི་མཐུན་པའི་འཐབ་རྩོད་ཀྱི་རྣོ་ངར་དེ་ཡིས་རྐྱེན་པས། འདས་པའི་ལོ་མང་རིང་བལ་ཡུལ་གཞུང་དང་མའོ་དྲག་འཐབ་ཤོག་ཁག་དབར་གྱི་རྒྱལ་ནང་དམག་འཁྲུག་མཇུག་བསྒྲིལ་བའི་རྗེས་སུ་བལ་ཡུལ་གྱི་རྩ་ཁྲིམས་བཟོ་རྒྱུ་དང་མ་འོངས་པའི་གཞུང་སྒྲོམ་གཞི་ཡང་བཟོ་མ་ཐུབ་མེད་པར་བརྟེན། བལ་ཡུལ་གྱི་རྩ་ཁྲིམས་གསར་བཟོའི་ལས་དོན་ཐོག་བསྐྱོད་ཐུབ་པ་དང༌། ཆབ་སྲིད་ཚོགས་པ་ཁག་སོ་སོའི་ཁེ་ཕན་ཡང་སྐྲུན་ཐབས་ཀྱི་ཆེད་དུ་ཕྱོགས་ཕན་ཚུན་གྱིས་བསམ་ཚུལ་མི་མཐུན་པ་རྣམས་ཉན་འཇོག་བྱས་ཏེ་སོ་སོའི་འཆར་གཞི་ཁག་ཁ་གསལ་དང་གོ་དོན་རྟོགས་ཐུབ་པ་བཟོ་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་གསུང་ཡོད་པ་རེད།

བར་ལམ་བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་ཁག་གི་འགོ་ཁྲིད་རྣམས་ཀྱི་དབར་བསམ་ཚུལ་མི་མཐུན་པའི་རྐྱེན་གྱིས། རྒྱལ་ཁབ་རྩ་ཁྲིམས་གསར་བཟོ་མ་ཐུབ་པ་མ་ཟད། རྩ་ཁྲིམས་གསར་བཟོ་གནང་མཁན་གྱི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱང་ཕྱིར་བསྡུ་བྱས་ཏེ། བལ་ཡུལ་ནང་ཁྲིམས་མཐུན་གྱི་གཞུང་ཞིག་མེད་པའི་

ཁར་འོས་བསྡུའི་བྱེད་ཕྱོགས་ཀྱི་སྒྲོམ་གཞི་འམ་ཁ་ཕྱོགས་མེད་པར་གྱུར་ཡོད་པ་རེད། གོང་གསལ་ICG ཞེས་པའི་ཞིབ་འཇུག་ལས་ཁང་གིས་བཏོན་པའི་སྙན་ཐོའི་ནང་དུ། བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་ཁག་གིས་རང་རང་སོ་སོའི་ཚོགས་མིའི་བསམ་ཚུལ་ལ་ཉན་འཇོག་བྱེད་ཀྱི་མེད་པའི་ཁར་ཚུར་གནས་ཚུལ་འགྲེལ་བརྗོད་བྱེད་པ་ཡང་ཧ་ཅང་གི་ཉུང་དྲག་གི་ཡོད་པའི་སྐྱོན་བརྗོད་གནང་སྟེ། ངེས་པར་དུ་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོར་ངེས་པར་དུ་བལ་ཡུལ་ནང་ཞི་བདེའི་སྐྲུན་ཐབས་ཀྱི་འགྲིག་འཇགས་ཀྱི་ལས་དོན་གཙོས་པའི་གནས་ཚུལ་གང་ཡིན་ཁ་གསལ་དང་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ཛ་དྲག་གི་འབོད་སྐུལ་ཡང་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org