༧གོང་ས་མཆོག་རྗེས་འདེད་བྱེད་མཁན་མི་ས་ཡ་དགུ་འདུག།

དེང་གི་ཆ་འཕྲིན་སྐབས་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་བརྒྱུད་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་རྗེས་འདེད་བྱེད་མཁན་འཛམ་གླིང་གི་ཡུལ་གྲུ་གང་སའི་མི་གྲངས་ས་ཡ་དགུ་ཟིན་ཡོད་པ་རེད་འདུག

རྒྱ་གར་གྱི་ཉིན་རེའི་གསར་ཤོག་The Hindustan Times ནང་གནས་ཚུལ་བཀོད་དོན། དེང་སང་Twitter འཕྲུལ་སྒྲ་དང་།  Facebook ངོ་དེབ་ཞེས་སྤྱི་ཚོགས་དྲ་འབྲེལ་ནང་༧གོང་ས་མཆོག་གི་རྗེས་འདེད་བལྟ་ཀློག་བྱེད་མཁན་འཛམ་གླིང་གི་ཡུལ་གྲུ་གང་སའི་མི་གྲངས་ས་ཡ་དགུ་ཙམ་ཟིན་གྱི་ཡོད་པ་དང་། འཕྲུལ་སྒྲའི་ནང་སྔ་ལོའི་ཕྱི་ཟླ་ ༧ ཚེས་ ༢༦ སྐབས་༧གོང་ས་མཆོག་གི་རྗེས་འདེད་བྱེད་མཁན་མི་གྲངས་ས་ཡ་གཉིས་དང་བདུན་ཁྲི་དྲུག་སྟོང་ཙམ་དང་། ད་ལྟ་༢༠༡༢ ཀྱི་ཕྱི་ཟླ་ ༩ ཚེས་ ༡༠ བར་གྱི་བསྡོམས་རྩིས་ལྟར་ན་གྲངས་འབོར་ས་ཡ་ལྔ་དང་བརྒྱད་ཁྲི་ཙམ་བར་འཕར་ཡོད་པ་ལྡབ་གསུམ་ཙམ་མང་དུ་ཕྱིན་ཡོད་འདུག  དེ་བཞིན་ Facebook ངོ་དེབ་ནང་རྗེས་མཇུག་པ་ས་ཡ་བཞི་དང་ཉི་འབུམ་བརྒྱད་ཁྲི་ཙམ་བྱུང་ཡོད་པ་རེད།

དེའི་ཐད་༧གོང་ས་མཆོག་གི་མཚན་ཐོག་དྲ་འབྲེལ་བྱེད་མཁན་བསྟན་འཛིན་ཆོས་འབྱོར་གྱིས་བརྗོད་དོན། དྲ་རྒྱ་དེ་དག་ཁྲོད་རྒྱ་ནག་སྐམ་ས་ཆེན་པོ་དང་། ཐེ་ཝན་ནང་གི་རྒྱ་རིགས་ཤེས་ཡོན་པ་ཚོས་ཀྱང་དོ་སྣང་ཆེན་པོ་ཞུ་བཞིན་པ་དང་། སྤྱི་ཚོགས་དྲ་འབྲེལ་བརྒྱུད་༧གོང་ས་མཆོག་གིས་བསྩལ་བའི་བླང་དོར་གྱི་བཀའ་སློབ་མང་པོ་བལྟ་ཉན་ཐུབ་པས་འབྲེལ་ཐག་རྒྱ་ཁྱབ་དང་། རྗེས་འདེད་དོ་སྣང་བྱེད་མཁན་ཇེ་མང་འགྲོ་བཞིན་པ་གསལ་བོ་ཡིན་པ་དང་། དེ་བཞིན་རྒྱ་མི་རིགས་ཚོར་ཆབ་སྲིད་ཀྱི་ཐོག་ནས་དབུ་མའི་ལམ་གྱི་དགོངས་དོན་རྟོགས་རྒྱུར་ཡང་ཕན་ཐོགས་ཆེན་པོ་ཡོད་པ་བཤད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org