ཕྱི་རྒྱལ་གསར་འགོད་པས་བོད་ནང་ནས་རང་བསྲེཊ་རྩད་གཅོད།
ཕྱི་རྒྱལ་གསར་འགོད་པ་བོད་ནང་དངོས་སུ་སོང་ནས་བོད་ནང་གི་བོད་མིའི་རང་ལུས་མེ་བསྲེགས་དང་། དངོས་ཡོད་གནས་ཚུལ་ཐད་རྩད་གཅོད་སྐབས་མེ་བསྲེགས་ལས་འགུལ་དངོས་བྱུང་ཡིན་པ་ཕྱི་བསྒྲགས་བྱས་འདུག
-
2012-10-10 -
-
-
ABC བརྙན་འཕྲིན་གསར་འགྱུར་ནང་། འདས་པའི་ལོ་ཤས་རིང་བོད་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་མཚོན་ཆེད་རང་ལུས་རང་གིས་མེ་བསྲེགས་གཏོང་མཁན་༥༠་ལྷག་བྱུང་ཡོད་པ་རེད། འོན་ཀྱང་གནས་ཚུལ་དེ་ཚོ་འཛམ་གླིང་གི་གསར་འགྱུར་དང་། བརྙན་འཕྲིན་ནང་རྒྱང་བསྲིང་བྱེད་རྒྱུར་རྒྱ་ནག་གཞུང་གིས་བཀག་འགོག་ཤུགས་ཆེན་བྱས་དང་བྱེད་བཞིན་ཡོད་པས་དངོས་བྱུང་གི་གནས་ཚུལ་དེ་ཚོ་མཐོང་དཀོན་པོ་ཡོད་རུང། ད་ཐེངས་ཨོ་སུ་ཁྲི་ལེ་ཡའི་ABC གསར་འགོད་པ། Stephen MC Donell.བོད་ནང་ལ་དངོས་སུ་སོང་ནས་བོད་ནང་གི་དངོས་ཡོད་གནས་སྟངས་དང་། ལྷག་དོན་རང་ལུས་མེ་བསྲེགས་གཏོང་བཞིན་པའི་གནས་ཚུལ་ཁག་གི་ཐད་རྩད་གཅོད་རིམ་པ་བྱས་རྗེས་པར་ལེན་འཚོལ་བསྡུ་བྱེད་ཐུབ་པ་བྱུང་ནས་ཚེས་༩ཉིན་གསར་ཁང་ནས་ཕྱི་ལ་བརྙན་འཕྲིན་ཚན་པ་སྐར་མ་བཅུག་ལྷག་ཅན་ཞིག་དཀྲམ་ཡོད་འདུག
དེའི་ནང་བོད་མི་ཚོས་རྒྱ་ནག་གི་དྲག་གནོན་སྲིད་བྱུས་ལ་མི་འདོད་པ་དང་། དེའི་འོག་འཚོ་འདོད་མེད་པའི་ངོ་རྒོལ་མཚོན་ཆེད་རང་ལུས་རང་གིས་མེ་བསྲེགས་བཏང་བའི་གནས་ཚུལ་ཧ་ལས་བ་ཡོད་པ་ར་སྤྲོད་བྱས་ཡོད་པ་དང་།
གསར་འགོད་པ་བླ་བྲང་བསང་ཆུ་རྫོང་ལ་འབྱོར་སྐབས་བོད་རིགས་བུད་མེད་ཞིག་གིས་རང་ལུས་མེ་བསྲེགས་ནི་རྒྱ་ནག་གི་སྲིད་ཇུས་དམ་དྲག་པའི་དབང་གིས་བོད་མི་ཚོ་ཐབས་ཟད་འུ་ཐུག་པ་ཡིན་ཚུལ་དང་། འཛམ་གླིང་མི་མང་དྲང་བདེན་ལ་དགའ་ན་ཚང་མ་མཉམ་རུབ་བྱས་ནས་རྒྱ་ནག་མེད་པར་བཟོ་དགོས་བ་སོགས་ཡང་བཤད་འདུག
ད་དུང་རྒྱ་ནག་གཞུང་གིས་བཤད་པ་ལྟར་དེ་དག་ཕྱི་ནས་སྐུལ་འདེད་བྱས་བ་ཡིན་ཚུལ་ཐད་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་བཅར་འདྲི་བྱས་སྐབས་། ཁོས་བོད་མི་ཚོས་རང་ལུས་རང་གིས་མེ་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་དང་། དཀའ་ངལ་དེ་སེལ་ཕྱོགས་སོགས་འགན་ཚང་མ་རྒྱ་ནག་གཞུང་ལ་ཡོད་སྐོར་དང་། བོད་མི་ཚོར་སྤྱི་མཚུངས་ཡུལ་མིའི་རང་དབང་དགོས་བ་རེད། མེ་བསྲེགས་ལས་འགུལ་མཚམས་འཇོག་ཡོང་བར་རྒྱ་ནག་གིས་བོད་ནང་གུ་ཡང་སྲིད་བྱུས་དང། བོད་མིར་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སྤྲོད་དགོས་བ་དེ་ཡིན་པ་བཤད་འདུག
གསར་འགོད་པ་Spephen MC donell གིས་གསུང་པར་བོད་ཨ་མདོ་རྔ་པའི་ཁུལ་རང་ནས་བོད་མི་༢༤་རང་ལུས་རང་གིས་མེ་བསྲེགས་བཏང་ཡོད་པའི་དངོས་བྱུང་གནས་ཚུལ་ཤེས་རྟོགས་བྱུང་ལུགས་དང་། རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་རྐྱང་བྱེད་པའི་གནས་ཚུལ། བོད་མི་གནས་སྡོད་བྱེད་སའི་ས་ཁུལ་གང་སར་རྒྱ་ནག་གཞུང་གི་ཉེན་རྟོག་སྐོར་སྲུང་དམག་མི་དང་། དྲག་ཆས་དཔུང་དམག་སོགས་ཆེད་བཙུགས་ཀྱིས་བོད་མིའི་ཐོག་དྲག་གནོན་དང་ཉེས་རྡུང་ཚད་མེད་བཏང་། བོད་མི་འཇུ་བཟུང་བཙོན་འཇུག་སོགས་ཕྱོགས་མང་པོའི་དངོས་ཡོད་གནས་སྟངས་བཤད་པ་དང་། དེའི་རིང་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཁོང་གི་རྗེས་འདེད་དང་གསར་འགོད་པའི་ལས་ཀར་བཀག་བསྡོམས་བྱས་བ་སོགས་ཀྱང་གསལ་སྟོན་བྱས་ཡོད།