ཞི་ཅིན་ཕེན་གར་སོང་ཆ་མེད་དང་དཀྲོག་གཏམ།
རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕེན་ཉིན་འདི་གར་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་འོག་སྤྱི་ཚོགས་ཁྲོད་དང་གསར་ལམ་ཁག་གི་ནང་གླེང་ཕྱོགས་འདྲ་མིན་ཐོན་བཞིན་པ་རེད་འདུག
-
2012-09-11 -
-
-
མ་འོངས་བར་རྒྱ་ནག་གི་སྲིད་འཛིན་གྱི་གོ་གནས་སུ་ཡོང་རྒྱུར་ཡོངས་གྲགས་བྱེད་བཞིན་པའི་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕེན་འདས་པའི་བདུན་ཕྲག་གཅིག་གི་དུས་ཡུན་ནང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་དང་། ར་ཤི་ཡའི་སྐུ་ཚབ་ཚོགས་པ། སིང་ག་པུར་གྱི་སྲིད་བློན། ཌན་མག་གི་སྲིད་བློན་སོགས་དང་མཇལ་འཕྲད་གྲོས་མོལ་གྱི་མཛད་རིམ་གཏན་འཁེལ་བྱུང་ཡོད་ཀྱང་། གློ་བུར་མཛད་མཆར་དེ་དག་ཕྱིར་བསྡུ་བྱས་པའི་གནས་ཚུལ་བྱུང་ཡོད་པ་ཡོང་ཐོག གཟའ་པ་སངས་ཉིན་ཚོགས་པའི་རྒྱ་ནག་གི་དབུས་དམག་དོན་ལྷན་ཁང་གི་ཚོགས་གཙོ་གཞོན་པའི་ཐུགས་འགན་ཡོད་བཞིན་དུ་་སྲིད་འཛིན་གཞོན་པ་ཞི་ཅིན་ཕེན་གཞུང་འབྲེལ་གྱི་ཚོགས་བཅར་བའི་མཚན་གཞུང་ནང་མེད་པ་དང་། དེར་བརྟེན་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་རྒྱུན་ལྡན་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པས་སྐད་ཆ་དྲིས་སྐབས། ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་དེའི་སྐོར་གནས་ཚུལ་གསལ་པོ་བརྗོད་འདོད་མེད་པའི་རྣམ་འགྱུར་དང་། ཡང་ན་གསལ་པོ་ཤེས་ཀྱི་མེད་པའི་ལན་འདེབས་གནང་ཡོད་པ་རེད། གནས་སྟངས་དེའི་ཁྲོད་ད་ཆ་སྤྱི་ཚོགས་ཁྲོད་དང་། ཕྱི་ནང་གི་དྲ་ལམ་གསར་ལམ་ཁག་གི་ནང་ཞི་ཅིན་ཕེན་ཁོང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་རྨས་སྐྱོན་ཕོག་ཚུལ་དང་། ཡང་ཆུ་རྐྱལ་རྒྱག་སྐབས་རྩ་རྒྱུད་ལ་སྐྱོན་ཤོར་ཚུལ། ད་དུང་ཁ་ཤས་ཀྱིས་རླངས་འཁོར་ནང་བརྡབ་སྐྱོན་བྱུང་ཚུལ་སོགས་གླེང་ཕྱོགས་འདྲ་མིན་ཡོང་བཞིན་པ་དང་། མདོར་ན་ཁོང་ཕྱི་ཟླ་དགུ་པའི་ཚེས་ ༡་ནས་བཟུང་མཐོང་རྒྱུ་མེད་པར་ཆགས་ཡོད་འདུག