སྐུ་ཕུང་ཉ་སྤྱིན་དང་དམ་དྲག་འཛིན་བཟུང་།

རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཚེ་རིང་དགོན་པའི་ནང་ནས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་བ་ནས་། གར་ཡོད་གནས་ཚུལ་ཤེས་རྟོགས་མ་བྱུང་བར་ཡོད་འདུག

རེས་གཟའ་ཕུར་བུའི་ཉིན་རྡ་ས་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་སྐུ་ཞབས་ཀ་ཉག་ཚེ་རིང་ལགས་ཀྱིས་གནས་ཚུལ་བཏང་གནང་བའི་ནང༌། རང་ལུས་མེ་བསྲེག་བཏང་ནས་སྐུ་གྲོངས་བའི་རྔ་བ་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་བློ་འཛིན་ལགས་ཀྱི་སྐུ་ཕུང་དགོན་པའི་ཉེ་འཁྲིས་ཀྱི་གཙང་པོའི་ནང་དུ་ཉ་སྤྱིན་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་འབར་ཁམས་ནས་ཉེན་རྟོག་དམག་མི་འབོར་ཆེན་ཆེད་གཏོང་བྱས་པ་རྣམས་ཚོ་བདུན་དུ་འབྱོར་བའི་སྐབས།  ས་གནས་བོད་མི་ཚོས་ནུས་ཤུགས་གང་ཡོད་ཀྱིས་ཉེན་རྟོག་དམག་མི་རྣམས་བཀག་འགོག་བྱས་པར་བརྟེན། དགོན་པའི་ནང་དུ་འཛུལ་ཐུབ་མེད་པ་རེད། འོན་ཀྱང་ཉེན་རྟོག་དམག་མི་དེ་དག་གཙང་པོའི་ཕར་ཕྱོགས་སུ་འགྲེམས་འཇོག་བྱས་ཏེ། དམག་སྦྱོང་སོགས་དྲག་པོའི་རྩལ་སྦྱོང་བྱེད་བཞིན་དུ་བསྡད་ཡོད་པ་རེད། ཕྱི་ཟླ་བདུན་པའི་ཚེས་༡༨ ཏེ། སྐུ་ཞབས་བློ་བཟང་བློ་འཛིན་ལགས་འདས་གྲོངས་ཕྱིན་པའི་ཉིན་གཉིས་པ་དེར། ཚོ་བདུན་ཁུལ་གྱི་ཚོང་ཁང་དང༌། ཟ་ཁང་སོགས་སྒོ་རྒྱབ་ཏེ། མྱ་ངན་ཞུས་པ་མ་ཟད། མི་དམངས་རྣམས་དགོན་པའི་ནང་འཛོམས་ཏ།  མཆོད་འབུལ་ཡང་ཚོགས་ཡོད་པའི་སྐོར་བཀོད་བཞག  ད་དུང་གནས་ཚུལ་བཏང་གནང་བའི་ནང༌། དགུང་ལོ་༢༡ ཡིན་པའི་ཀིརྟི་དགོན་པའི་སྐུ་ཞབས་བློ་བཟང་ཚེ་རིང་ལགས་ཕྱི་ཟླ་དྲུག་པའི་ཚེས་༢༦ ཉིན་རྒྱ་ནག་གི་ཉེན་རྟོག་པས་དགོན་པ་ནས་འཛིན་བཟུང་བྱས་པ་དང༌། ཁོང་གི་ནང་མི་སྤུན་མཆེད་ཚོས། རྒྱ་ནག་གཞུང་གི་ས་གནས་ལས་ཁུངས་མང་པོ་ཞིག་ལ་ཁོང་འཚོལ་དུ་བསྐྱོད་ཡོད་ཀྱང༌རྙེད་སོན་བྱུང་མ་བྱུང་བར་ད་ཆ་ག་པར་ཡོད་མེད་ཤེས་རྟོག་མེད་པའི་གནས་སུ་གྱུར་ཡོད་པ་དང༌།  སྐུ་ཞབས་བློ་བཟང་ཚེ་རིང་ལགས་ནི། རྔ་པ་སྨད། ལོ་རྟ་ཤང༌། བ་ཏོ་སྡེ་བའི་ལྷ་བཟོ་ཚང་གི་བུ་ཡིན་པ་དང༌། ཕ་ཡི་མཚན་ལ་བཀྲིས་ཚེ་རིང་དང༌། མ་ཡི་མཚན་ལ་ཆུང་གོ་ཡིན་ཞིང༌། ཆུང་དུས་རྔ་པ་ཀིརྟི་དགོན་གྱི་སྒྲིག་ལ་ཞུགས་ཏེ། དགོན་པར་རྒྱུན་དུ་བཞུགས་མཁན་ཡིན་པའི་སྐོར་དང༌།  ཡང་རྒྱ་ནག་གཞུང་གིས་༢༠༡༡ ལོའི་ཕྱི་ཟླ་བཅུ་པའི་ཚེས་༢༠ ཉིན་འཛིན་བཟུང་བྱས་པའི་ཀིརྟི་དགོན་པའི་སྐུ་ཞབས་དགུང་ལོ་༣༦ ལ་ཕེབས་པའི་བློ་གྲོས་ལགས་སུ་ཉེ་ཆར་ཕྱི་ཟླ་བདུན་པའི་འགོ་སྟོད་ཙམ་ལ་འབར་ཁམས་ཀྱི་ཁྲིམས་ཁང་ནས་ལོ་གསུམ་གྱི་བཙོན་འཇུག་ཉེས་ཆད་བཏང་ཡོད་པ་དང༌། རྒྱ་ནག་གཞུང་གིས། སྐབས་དེ་དུས་ཁོང་ལ་ཁྲིམས་ཁང་དུ་ཐག་གཅོད་བྱེད་ཀྱི་ཡོད་པའི་སྐོར་ནང་མི་ཚོར་བརྡ་ལན་གང་ཡང་སྤྲད་མེད་པའི་ཁར། ཁོང་ན་ནིང་འཛིན་བཟུང་བྱས་པ་ནས་བཟུང་ཉེ་ཆར་ཁྲིམས་ཁང་དུ་མ་ཁྲིད་བར་དུ་ནང་མི་ཚོས་ཁོང་གང་དུ་ཡོད་མེད་དང༌། གནས་སྟངས་སོགས་ཤེས་རྟོགས་མེད་པའི་གནས་སུ་གྱུར་ཡོད་པ།  ཁོང་ནི་རྔ་པ་སྟོད། ཨ་འདུས་ཤང༌། གཤོང་བ་སྡེ་བའི་ཝོ་ཁ་ཚང་གི་ཡིན་ཞིང༌། ཕ་ཡི་མཚན་ལ་གདུགས་ཁོ་དང༌། དགུང་ལོ་༢༠ ཡོལ་ནས་རྔ་པ་ཀིརྟི་དགོན་པའི་སྒྲིག་ལ་ཞུགས་ཏེ། རྒྱུན་དུ་བོད་ལུགས་རི་མོ་སྣ་ཚོགས་འབྲི་མཁན་གྱི་ལྷ་བཟོ་འམ་རི་མོའི་སྒྱུ་རྩལ་བ་ཞིག་ཡིན་པའི་སྐོར་བཀོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org