བློ་བཟང་ཚུལ་ཁྲིམས་འབར་ཁམས་ནས་སྐུ་གྲོངས་འདུག།
ཚེས་ ༦ ཉིན་བོད་མདོ་སྨད་རྔ་པ་ནས་རང་ལུས་མེ་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཚུལ་ཁྲིམས། ཉིན་དེའི་མཚན་མོར་འབར་ཁམས་སྨན་ཁང་དུ་སྐུ་གྲོངས་ཡོད་འདུག
-
2012-08-08 -
-
-
སྐུ་གྲོངས་མ་ཐག་འབྲེལ་ཡོད་ཚོས་སྐུ་ཕུང་ནང་མིར་སྤྲོད་རྒྱུའི་རེ་འདུན་ཞུས་ཀྱང་དང་ལེན་མ་བྱས་པར། རྒྱ་ནག་གཞུང་གིས་མེར་བསྲེགས་བཏང་སྟེ་རུས་ཐལ་ཞིག་ནང་མིར་སྤྲད་འདུག་ཅིང་། དེ་ཕྱི་ཚེས་ ༧ ཉིན་གྱི་མཚན་མོ་འབྲེལ་ཡོད་དགེ་འདུན་པ་བཞིས་ཀིརྟི་དགོན་པའི་རྒྱབ་ཀྱི་དུར་སའི་ནང་བསྐྱལ་ཡོད་འདུག
ཁོང་གིས་རང་ལུས་མེ་བསྲེགས་བཏང་སྟེ་གོམ་པ་བཅུ་གྲངས་ཤིག་ལ་ཕེབས་ཡོད་འདུག་ལ། སྐབས་དེར་ཁོང་གིས་༸གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས། སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། ཀིརྟི་དགོན་པའི་སློབ་གྲྭ་སྒོ་ཕྱེ་དགོས། ཞེས་སྐད་འབོད་གནང་ཡོད་འདུག དེ་བཞིན་ཁོང་གིས་ཤུལ་དུ་ཁ་ཆེམས་ཤིག་བཞག་ཡོད་རབས་འདུག་ཀྱང་ད་སྔ་ལག་སོན་མ་ཐུབ།
ཁོང་ནི་རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་རྗའ་དར་ཚང་གི་ཡིན་ཞིང་། ཕ་དབང་ཚེ་དང་མ་སྒྲོན་དཀར་སྐྱིད་གཉིས་ཀྱི་བུ་ཡིན་འདུག ཁོང་ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཡོད་པ་དང་། དེང་སྐབས་ཐོས་བསམ་གླིང་གྲྭ་ཚང་གི་འཛིན་གྲྭ་རྟགས་རིགས་ཡིན་འདུག