བཀྲ་ཤིས་ཡང་མེ་བསྲེགས་རྗེས་སྐུ་གྲོངས་འདུག
ཚེས་ ༡༣ ཉིན་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་བཀྲ་ཤིས་ཡང་རྔ་པ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག
-
2012-08-15 -
-
-
ཕྱི་ཚེས་༡༣ཉིན་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གནང་མཁན་བཀྲ་ཤིས་ལགས། རྔ་བ་བོད་རིགས་རང་སྐྱོང་ཁུལ་གི་ལྟེ་གནས་འབར་ཁམས་སུ་ ཁ་ས་ཕྱི་ཚེས་༡༤ཉིན་སྐུ་ཚེའི་ཕན་པ་རྫོགས་ཡོད་པའི་སྐོར་ བཞུགས་སྒར་ཀིརྟི་དགོན་པའི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་ཀྱིས་གནས་ཚུལ་བཏང་གནང་འདུག།
བཀྲ་ཤིས་ལགས་འདས་གྲོངས་ཕྱིན་ཡོད་ཀྱང་ཁོང་གི་སྐུ་ཕུང་ནང་མིར་རྩིས་སྤྲད་ཡོད་མེད་ད་ལྟ་གསལ་པོ་མཁྱེན་རྟོགས་བྱུང་མེད་པ་རེད། རེས་གཟའ་ཟླ་བའི་ཉིན་རྔ་བ་ཁུལ་ལུང་རྟོགས་ལགས་དང་བཀྲ་ཤིས་ལགས་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་བའི་སྐབས་སུ་ལུང་རྟོགས་ལགས་སྐབས་དེར་རྐྱེན་འདས་ཕྱིན་ཡོད་པ་རེད།
བོད་དོན་ཆེད་རང་སྲོག་བློས་བཏང་གནང་མཁན་འདས་པོ་གཉིས་ཀྱི་ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཁ་ས་ཕྱི་ཚེས་༡༤ཉིན་རྔ་བའི་རྫོང་ཁུལ་གྱི་བོད་པའི་ཟ་ཁང་དང་ཚོང་ཁང་ཚང་མ་སྒོ་རྒྱབ་སྟེ། མི་མང་ཚོས་དགོན་པ་ཁག་ལ་བསྔོ་རྟེན་ཕུལ་བ་དང༌། སྐོར་ར་བསག་པ་སོགས་ཕྱག་མཆོད་མང་པོ་གནང་འདུག།
རེས་གཟའ་ཟླ་བའི་ཉིན་གྱི་དོན་རྐྱེན་དེ་བྱུང་བའི་རྗེས་སུ་ ཀིརྟི་དགོན་པའི་དགེ་བསྐོས་དང་ཆོས་ལུགས་དོ་དམ་ཁང་གི་འགན་འཛིན་སོགས་དགོན་པའི་ལས་སྣེ་ཁག་ཅིག་ རྫོང་སྲིད་གཞུང་དུ་ཐེངས་ཁ་ཤས་འབོད་བཀུག་གིས་ཚོགས་འདུ་ཚོགས་པའི་གནས་ཚུལ་ཡང་འདུག།