བོང་སྟག་དགོན་གྱི་དགེ་འདུན་པར་བཙོན་འཇུག་ཁྲིམས་ཆད།

བོད་ཤར་ཕྱོགས་མཚོ་སྔོན་བོང་སྟག་དགོན་པའི་འགན་འཛིན་དང་། གཞན་གྲྭ་པ་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

བོད་ཤར་ཕྱོགས་མཚོ་སྔོན་ཞིང་ཆེན་བོང་སྟག་དགོན་པའི་འགན་འཛིན་དང་གཞན་གྲྭ་པ་གཉིས་ལ་ལོ་༩ནས་༡༡བར་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག འདི་ག་རླུང་འཕྲིན་ལ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བར་གཞིགས་ན། བོང་སྟག་དགོན་པའི་འགན་འཛིན་ བྱང་སེམས་ལ་ལོ་དགུ་དང། མཁས་གྲུབ་ལ་ལོ་༡༡ སངས་རྒྱས་ལ་ལོ་༡༠བཅས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཅིང་། དེ་མིན་ཉེ་ལམ་གློད་བཀྲོལ་ཐོབ་པའི་མི་སྐྱ་དམ་ཆོས་ཡང་བསྐྱར་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག། གནས་ཚུལ་ནང་བཀོད་པ་ལྟར་ན། ཐེམ་ཆེན་རྫོང་མཁར་དམར་ཡུལ་གསེར་ཆུ་སྡེ་བའི་བུ་དམ་ཆོས་སམ་ཡོངས་གྲགས་ལ་ ཨེ་ཝམ་ཏ་རེ་ཟེར་བ་དེ་སྔོན་རྒྱལ་གཅེས་དཔའ་བོ་ བོང་སྟག་དགོན་པའི་གྲྭ་པ་དམ་ཆོས་ཀྱི་སྐུ་ལུས་མེར་བསྲེགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་རྗེས་ངན་སྐུལ་བྱས་པའི་ནག་ཉེས་བཙུགས་ནས་འཛིན་བཟུང་བཀག་ཉར་བྱས་པ་དང་། སྐབས་དེར་ནག་ཉེས་ཁུངས་སྐྱེལ་མ་ཐུབ་པར་བརྟེན་ཉེན་རྟོག་པས་ཁོང་མ་གློད་རང་གློད་བྱུང་འདུག།   དེའི་རྗེས་སུ་བོང་སྟག་མི་དམངས་ཀྱིས་མིང་རྟགས་བསྡུ་རུབ་བྱས་ནས་བོང་སྟག་དགོན་པའི་མཁས་གྲུབ་སོགས་གྲྭ་པ་བརྒྱད་འཛིན་བཟུང་བྱས་པ་རྣམས་གློད་བཀྲོལ་གཏོང་དགོས་ཚུལ་གོང་རིམ་ལ་ཞུ་གཏུགས་ཀྱང་གནང་ཡོད་འདུག།  འོན་ཀྱང་ས་གནས་ཉེན་རྟོག་ལས་ཁང་གིས་དམ་ཆོས་ལགས་ནི་ལས་འགུལ་དེ་སྐུལ་སློང་བྱེད་མཁན་ཡིན་པའི་ནག་ཉེས་བཙུགས་ནས་ཡང་བསྐྱར་འཛིན་བཟུང་བྱས་འདུག། དམ་ཆོས་ལ་བཟའ་ཟླ་དང་བུ་ཕྲུག་ལོ་གཉིས་དང་ལོ་ལྔ་བྱས་པ་གཉིས་དང། ལོ་ན་བརྒྱད་བཅུར་སོན་པའི་ཕ་ཧྲི་དར་ལགས་བཅས་ལྷག་ཡོད་འདུག༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org