ལོ་གཅིག་ནང་བོད་དོན་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བ།

བློ་བཟང་སེང་གེ་མཆོག་གིས་བཀའ་བློན་ཁྲི་བའི་ཐུགས་འགན་བཞེས་ནས་ལོ་གཅིག་གི་ནང་ཨ་རི་དང་ཡོ་རོབ་སོགས་ཕྱི་རྒྱལ་ཡུལ་གྲུ་གང་སར་ཕེབས་ཏེ་བོད་དོན་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་ཐོབ་ཡོད་འདུག།

རྒྱ་གར་གྱི་གསར་འགྱུར་ལས་ཁང་IANS ཡིས་གནས་ཚུལ་སྤེལ་བའི་ནང༌། ཕྱི་ཟླ་བརྒྱད་པའི་ཚེས་༨ རེས་གཟའ་ལྷག་པའི་ཉིན་། ཨ་རིའི་སྐད་གྲགས་ཆེ་བའི་Harvard གཙུག་ལག་སློབ་གྲྭ་ནས་ཁྲིམས་ལུགས་ཐོག་སློབ་སྦྱོང་ཐོན་པ། བཙན་བྱོལ་དུ་འཚར་ལོངས་བྱུང་བའི་དགུང་གྲངས་༤༣ ལ་ཕེབས་པ་བློ་བཟང་སེང་གེ་ལགས་བོད་མི་དམངས་ཀྱིས་དམངས་གཙོའི་ལམ་སྲོལ་ཐོག་ནས་བཀའ་བློན་ཁྲི་པར་འོས་འདེམས་བྱས་ཏེ་དངོས་སུ་བཀའ་ཁྲིའི་ཐུགས་འགན་བཞེས་ནས་ལོ་གཅིག་ཏག་ཏག་འཁོར་བ་དང༌། བཀའ་ཤག་གིས་བོད་དོན་ཐོག་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་འཚོལ་སྒྲུབ་བྱ་རྒྱུར་གལ་འགངས་ཆེན་པོར་ངོས་འཛིན་གནང་སྟེ། བར་ལམ་བཀའ་ཁྲི་མཆོག་གིས་དབུས་པའི་བཀའ་བློན་ཁག་ཅིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་ཏེ་བོད་དོན་རྒྱབ་སྐྱོར་འཚོལ་ཐབས་གནང་བ་ལྟར། ཁོང་གིས་རྒྱ་གར་གྱི་གསར་འགྱུར་ལས་ཁང་ལའང་ཉེ་ཆར་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་དུ་འཚམས་འདྲིར་ཕེབས་པའི་ལས་དོན་རྣམས་ལམ་ལྷོང་བྱུང་བ་དང༌། དང་པོ་དེ་བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་གལ་འགངས་ཆེན་པོ་ཡིན་པའི་དམིགས་ཡུལ་བཟུང་སྟེ་འཚམ་འདྲིར་ཕེབས་པ་དང༌། གཉིས་པ་དེ། ཨ་མི་རི་ཀའི་ཕྱི་སྲིད་ཐོག་ཐུགས་འགན་བཞེས་མཁན་དཔོན་རིགས་གཙོ་བོར་གྱུར་བའི་གནད་ཡོད་དཔོན་རིགས་མཇལ་འཕྲད་ཞུས་པའི་སྐོར་དང༌། འདས་ཟིན་པའི་ལོ་གཅིག་ནང་དུ་ཨ་རི་གཙོས་པའི་རྒྱལ་ཁབ་ཁག་༡༦ ནང་ཕེབས་གཤིས།  དེའི་ནང་ནས་མང་ཆེ་བ་ཡོ་རོབ་ཡུལ་གྲུ་ཁག་ནང་འཚམས་འདྲིར་ཕེབས་པ་དང༌། ཡུལ་གྲུ་དེ་དག་ནང་གི་དཔོན་རིགས་སོགས་དང་མཇལ་འཕྲད་ཞུས་པ་ཚང་མ་བོད་ནང་གི་གནས་སྟངས་ཐོག་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་གི་ཡོད་པ་དང༌། བོད་ཀྱི་དཀའ་ངལ་ཞི་བའི་ཐོག་ནས་སེལ་ཐབས་ཀྱི་ཆེད་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོབ་པའི་དབུ་མའི་ལམ་གྱི་སྲིད་ཇུས་རྒྱུན་འཁྱོངས་གནང་རྒྱུ་ཡིན་པ་དང༌། ང་ཚོའི་དམིགས་ཡུལ་ནི། བོད་ནང་གི་བོད་མི་ཚོར་རང་དབང་མེད་པ་དང༌། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་སྲིད་ཇུས་ལག་བསྟར་བྱས་ཏེ་བོད་མི་རྣམས་རང་ལུས་མེ་བསྲེག་གཏོང་དགོས་པའི་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུངས་དགོས་པའི་གནས་ཚུལ་དངོས་ཡོད་རྣམས་འཛམ་གླིང་མི་དམངས་ཀྱིས་མཁྱེན་རྟོགས་ཡོང་ཐབས་བྱེད་རྒྱུ་དེ་ཡིན་པ་གསུང་ཡོད་པའི་སྐོར་བཀོད་བཞག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org