བདེན་པར་རྒྱབ་སྐྱོར་གནང་རོགས།
རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་ཁག་ལ་རང་ལུས་མེར་སྲེག་གཏོང་མཁན་ཚོའི་དགོས་འདུན་ཇི་ཡིན་གསལ་པོ་ཤེས་རྟོག་ཐུབ་པའི་ཐོག བདེན་པར་རྒྱབ་སྐྱོར་དང་རྫུན་མ་ཐེར་འདོན་ངེས་པར་དུ་གནང་དགོས་གསུངས།
-
2013-02-21 -
-
-
༄༅། །དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དེ་རིང་ཕྱི་ཚེས་༢༡ཉིན་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པ་དེའི་ནང་། འདས་པའི་ལོ་ངོ་གསུམ་ལྷག་ཙམ་རིང་ཤེས་རྟོག་བྱུང་བར་གཞིགས་ན། བོད་ནང་བོད་མི་༡༠༤རང་ལུས་མེར་བསྲེགས་བཏང་བའི་ཁོངས་ནས་ད་བར་ ༨༨ ཙམ་གྱི་འདས་གྲོངས་གྱུར་ཡོད་པ་རེད། ད་དུང་གསལ་པོ་མེད་པའི་རིགས་ཡོད་སྲིད་སྐོར་ངོ་སྤྲོད་དང་འབྲེལ། ད་དུང་རྒྱ་ནག་གཞུང་གིས་ཁོང་ཚོའི་དགོས་འདུན་དང་། དངོས་ཡོད་གནས་སྟངས་ལ་བསམ་ཞིབ་ཀྱིས་དཀའ་ངལ་སེལ་ཐབས་བྱེད་རྒྱུའི་ཚབ་ཏུ་འཁྱོག་བཤད་ཀྱིས་བོད་ས་གང་སར་རང་ལུས་མེར་སྲེག་བཏང་བའི་གནས་སྟངས་ལ་དམིགས་ནས་དོན་ཚན་ལྔ་ཅན་གྱི་ཡི་གི་གསལ་བསྒྲགས་བྱས་ཡོད་པས་མ་ཟད་གང་བྱུང་དོགས་གཞིའི་འོག་འཛིན་བཟུང་དང་བཙོན་བཅུག་གི་ཁྲིམས་ཐག་བཅད་པ་སོགས་རང་སྣང་གང་དྲན་བྱེད་པའི་སྲིད་བྱུས་ནི་དོན་དངོས་དང་ཁྲིམས་དང་མི་མཐུན་པའི་བྱ་སྤྱོད་ཅིག་རེད་ཅེས་གསུངས་ཡོད་པ་རེད། གསལ་བསྒྲགས་དེའི་ནང་ད་དུང་། བོད་ནང་གི་ཛ་དྲག་གནས་སྟངས་འདིར་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ། གསར་འགྱུར་བརྒྱུད་ལམ། ཉམས་ཞིབ་པ་སོགས་ནས་བོད་ནང་གི་དངོས་ཡོད་གནས་སྟངས་དང་། ལྷག་པར་དུ་རང་ལུས་མེར་སྲེག་གཏོང་མཁན་ཚོའི་དགོས་འདུན་ཇི་ཡིན་གསལ་པོ་ཤེས་རྟོག་ཐུབ་པའི་ཐོག་ནས་བདེན་པར་རྒྱབ་སྐྱོར་དང་རྫུན་མ་ཐེར་འདོན་ངེས་པར་དུ་གནང་དགོས་ཞེས་འབོད་སྐུལ་ཡང་གནང་ཡོད་པ་རེད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དེ་རིང་སྤེལ་བའི་གསར་འགོད་གསལ་བསྒྲགས་དེ་བཞིན། ཚེས་༡༩ཉིན་བོད་ཀྱི་ཨ་མདོ་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྗོང་རྐྱང་ཚ་ཡུལ་མཚོའི་ཁྲོམ་ལམ་དུ། རང་ལོ་༡༧ཡིན་པའི་རིན་ཆེན་ལགས་དང་། རང་ལོ་༡༨ཡིན་པའི་བསོད་ནམས་དར་རྒྱས་ལགས་གཉིས་ནས་རྒྱ་ནག་གཞུང་གི་གདུག་རྩུབ་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་དང་བསྟུན་ནས་གནང་བ་ཞིག་ཡིན་པ་རེད།།