རྔ་བར་བསྟུད་མར་མེ་བསྲེགས་ཀྱི་གནས་སྟངས་ཛ་དྲག
ཨ་མདོ་རྔ་བ་ནས་ཡང་བསྐྱར་བོད་མི་གཉིས་ཀྱིས་རང་ལུས་མེ་བསྲེགས་བཏང་སྟེ་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། དེ་མུར་ས་གནས་བོད་མིས་རྔམ་སྟོན་སྐད་འབོད་བྱས་བ་སོགས་ཛ་དྲག་གནས་ཚུལ་བྱུང་འདུག
-
2012-08-13 -
-
-
འདི་ག་རླུང་འཕྲིན་ཁང་ལ་བརྒྱུད་ལམ་འདྲ་མིན་ནས་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་སྤྱི་ཚེས་༡༣་ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་དྲུག་པ་ཡོལ་ཙམ་ལ། ཨ་མདོ་རྔ་བ་རྫོང་ཐོག་ནས་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། དེ་མ་ཐག་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་འབོར་ཆེན་སླེབས་ནས་དམ་དྲག་བྱས་དུས་མི་མང་དང་ཉེན་རྟོག་པའི་བར་དུ་འཁྲུག་འཛིང་ཤོར་ནས་གནས་སྟངས་ཛ་དྲག་ཅན་ལ་གྱུར་ཡོད་འདུག།
ཞིབ་ཕྲའི་གནས་ཚུལ་རྩད་གཅོད་བྱས་སྐབས།
ཁུངས་དག་བྱེད་མི་ཐུབ་པའི་གནས་ཚུལ་ཡོང་ཁུངས་ལྟར་ན། ། གོང་གི་མེ་བསྲེགས་གཏོང་མཁན་གཉིས་ནི་རྔ་བ་ཀིརྟི་དགོན་པའི་བསྡུས་ཆེན་འཛིན་གྲྭའི་དགེ་འདུན་པ་ལུང་རྟོགས་དང་། གཞན་གྱི་མིང་ལ་བཀྲ་ཤིས་ཟེར་གྱི་ཡོད་ཚུལ་དང་། གཅིག་ནི་དགེ་འདུན་པ་དང་གཞན་དེ་མི་སྐྱ་ཡིན་པ་དེ་མ་ཐག་སྨན་ཁང་ལ་འཁྱེར་ཡོད་ཚུལ་འདུག
མུ་མཐུད་ཁུངས་དག་བྱེད་མི་ཐུབ་པའི་གནས་ཚུལ་ཡོང་ཁུངས་ལྟར་ན། རྒྱ་ནག་གི་ཉེན་རྟོག་དམག་མི་འབོར་ཆེན་སླེབས་ནས་དམ་དྲག་བྱས་དུས་སྐབས་དེར་ཉུང་མཐར་བོད་མི་གཅིག་གཅར་རྡུང་ཁྲོད་བསད་པ་དང་ཁ་ཤས་ལ་རྨས་སྐྱོན་ཕོག་ཡོད་འདུག། དེ་ལྟར་གནས་སྟངས་ཛ་དྲག་ལ་གྱུར་བ་དང་བོད་ནང་གི་ཆུ་ཚོད་༨པ་ཙམ་ལ་དགེ་འདུན་པ་ཞིག་གིས་བསྐྱར་དུ་དགོན་པའི་མདུན་ནས་རང་ལུས་མེར་བསྲེགས་བཏང་ཚུལ་ཡང་བཤད་པ་དང་། སྐབས་དེར་རྔ་བ་རྫོང་ཐོག་ཏུ་བོད་མི་མང་པོས་སྐད་འབོད་རྒྱག་བཞིན་པའི་གནས་སྟངས་ཛ་དྲག་ཡིན་པ་རེད་འདུག།
ཞིབ་ཕྲའི་གནས་ཚུལ་ཁུངས་དག་མུ་མཐུད་རྩད་གཅོད་བྱེད་བཞིན་པ་ཡིན།