སེམས་ཀྱི་བདེ་སྐྱིད་ཡར་རྒྱས་གཏོང་ཐབས་སུ་འབད་བརྩོན་དགོས།

ནང་སེམས་ཀྱི་བདེ་སྐྱིད་ཡར་རྒྱས་གཏོང་ཐབས་སུ་འབད་བརྩོན་བྱ་དགོས་ཞེས་བཞུགས་སྒར་དུ་རྒྱ་གར་མི་མང་འདུ་འཛོམས་ཆེན་པོ་ཞིག་གི་སར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུངས་འདུག

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་སྒོའི་ཐོག་རྒྱ་གར་གྱི་སྟོན་པ་དགའ་བྱེད་ར་མ་ནའི་རྟོགས་བརྗོད་ངོ་སྤྲོད་གནང་མཁན་སྙན་གྲགས་ཅན་གྱི་བླ་ཆེན་Morari Bapu མཆོག་གིས་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་གོང་ནས་ཡོད་པའི་ཆོས་ལུགས་ཁ་ཡོད་ལག་ཡོད་ཀྱི་ཉམས་ལེན་དང་དར་སྤེལ་གནང་བཞིན་པའི་ཕྱག་ལས་དེ་ཡིས་འགྲོ་བ་མིའི་སེམས་རྒྱུད་དུ་ཞི་བདེ་སྐྲུན་རྒྱུར་ཕན་ཐོགས་ཡོང་རྒྱུར་ཡིད་ཆེས་ཡོད་ཅེས་དང༌། ཁྱེད་ནས་ཉམས་ལེན་གནང་བཞིན་པའི་འཚེ་མེད་ཞི་བ་དང་ཆོས་ལུགས་མཐུན་སྒྲིལ་གྱི་བསླབ་བྱ་དེ་དག་གིས་ཁྱིམ་ཚང་དང་མི་སྒེར། རྒྱལ་ཁབ། འཛམ་གླིང་ནང་གི་མི་དམངས་ཐེར་འབུམ་བདུན་གྱི་བདེ་དོན་གོང་མཐོར་གཏོང་རྒྱུར་ཧ་ཅང་གི་ཕན་ཐོགས་ཡོང་ངེས་ཡིན་ཞེས་བསྔགས་བརྗོད་མཛད་པ་མ་ཟད།  ད་རེས་ཀྱི་འདུ་འཛོམས་དེ་སྤྲོ་སྐྱིད་ཆེད་དུ་མིན་ཞིང༌། ཁྱེད་ཚོ་འདིར་འཛོམས་པའི་དམིགས་ཡུལ་གཙོ་བོ་ནི། ཞི་བདེ་གོང་འཕེལ་ཇི་ལྟར་གཏོང་ཐུབ་མིན་སྦྱང་བརྩོན་བྱ་དགོས་པར་སོང་བླ་ཆེན་མཆོག་གིས་རྒྱ་གར་གྱི་ཧིན་རྡུའི་སྟོན་པ་ར་མ་ནའི་རྟོགས་བརྗོད་ངོ་སྤྲོད་གནང་བའི་ནང་དོན་ཐོག་ལ་ངེས་པར་དུ་བསམ་བློ་གཏོང་དགོས་ཀྱི་རེད་ཅེས་བཀའ་གནང་ཡོད་པ་རེད། བླ་ཆེན་Morari Bapu མཆོག་གིས། རྒྱ་གར་གྱི་སྟོན་པ་དགའ་བྱེད་ར་མ་ནའི་རྟོགས་བརྗོད་ངོ་སྤྲོད་གནང་རྒྱུའི་མཛད་སྒོ་དེ་ཕྱི་ཟླ་དགུ་པའི་ཚེས་༢༢ ཉིན་ཕྱི་ཡོལ་ཚོུད་༢།༣༠ ཀའི་ཐོག་ཚོགས་ཏེ། མུ་མཐུད་ནས་ཉིན་གྲངས་དགུའི་་རིང་ར་མ་ནའི་རྟོགས་བརྗོད་ངོ་སྤྲོད་གནང་གི་ཡོད་པ་རེད། ད་དུང་༧གོང་ས་མཆོག་གིས། རྒྱ་གར་འཕགས་པའི་ཡུལ་དེ་ཡང་འཛམ་གླིང་ནང་ནས་ཆོས་ལུགས་རྙིང་ཤོས་ཐོག་མར་འགོ་བཙུགས་ཡུལ་དེ་ཡིན་པ་དང༌། དུས་ད་ལྟའང་འཛམ་གླིང་དེའི་སྟེང་ཆོས་ལུགས་གཙོ་ཆེ་བ་ཚང་མ་ལྡན་པ་ཞིག་ཡིན་ལ། ཆོས་ལུགས་དེ་དག་ཕན་ཚུན་གཅིག་གི་གཅིག་ལ་ཆོས་གྲོགས་ཀྱི་འདུ་ཤེས་འཛིན་ཏེ་མཉམ་གནས་བྱེད་ཀྱི་ཡོད། དམིགས་བསལ་རྒྱ་གར་དེ་ནི་དེང་སྐབས་འཛམ་གླིང་ནང་ཆོས་ལུགས་མཐུན་སྒྲིལ་གྱི་མིག་དཔེ་ལྟ་བུར་གྱུར་ཡོད། ང་ཚོ་ཆོས་ལུགས་རིས་མེད་ཀྱི་དམིགས་ཡུལ་གཅིག་གྱུར་ཡིན་པར་བརྟེན་ནས་ཆོས་ལུགས་མི་འདྲ་བ་ཡིན་ནའང་དྲང་བདེན་དང་འཚེ་བ་མེད་པའི་ལྟ་གྲུབ་གཞིར་བཞག་ཏེ་ཚང་མ་འཆམ་མཐུན་ངང་གནས་ཐུབ་པ་བྱ་རྒྱུ་དེ་རེད་ཅེས་བཀའ་སློབ་སྕལ་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org