ཡོའུ་ཀྲུབ་གསར་འགྱུར་བརྒྱུད་ལམ་ཡོངས་གྲགས་ཅན།
ཡོའུ་ཀྲུབ་བརྙན་རིས་དྲ་བ་དེ་བཞིན་དེང་སང་གསར་འགྱུར་གྱི་བརྒྱུད་ལམ་ཡོངས་གྲགས་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་དཔྱད་ཞིབ་བྱས་འདུག
-
2012-07-17 -
-
-
གསར་འགྱུར་བརྒྱུད་ལམ་ཉམས་ཞིབ་བྱེད་མཁན་གྱི་ཚོགས་པ་ PEW Research Center ཞེས་པའི་ཉམས་ཞིབ་ལས་ཁང་དེས་སྙན་ཐོ་བཏོན་པའི་ནང་གསལ་ལྟར་ན། དེང་སང་འཛམ་གླིང་ནང་གསར་འགྱུར་གྱི་བརྒྱུད་ལམ་ཡོངས་གྲགས་ཆེ་ཤོས་གྲས་ཤིག་ནི་ཡུ་ཀྲུབ་ཅེས་པའི་བརྙན་པར་གྱི་བརྒྱུད་ལམ་ནས་གནས་ཚུལ་མཁོ་སྤྲོད་བྱེད་པའི་བརྒྱུད་རིམ་དེ་ཆགས་ཀྱི་ཡོད་འདུག དེ་སྔ་ཡིན་ན་ཡུ་ཀྲུབ་ཅེས་པའི་ནང་། ཕྲུ་གུའི་སྐྱེས་སྐར་དང་། ཡང་ན་ཁྱིམ་ནང་གསོ་སྐྱོང་བྱེད་པའི་ཁྱི་དང་ཞི་མི་སོགས་ཀྱི་བྱ་སྤྱོད་རིགས་བརྙན་པར་གྱི་བརྒྱུད་ལམ་ནས་བཏོན་པའི་ལམ་སྲོལ་ཡོད་ཀྱང་རིམ་པས་དེ་དག་འགྱུར་བ་ཐེབས་ནས་སྐབས་མཚམས་སོ་སོར་གནས་ཚུལ་བྱུང་རིགས་བརྙན་པར་རྒྱབ་ནས་ཡོངས་གྲགས་བཟོས་ཏེ་གསར་འགྱུར་གྱི་ཚུལ་དུ་བཏོན་རྒྱུ་འགོ་བཙུགས་ཡོད་པ་རེད། དཔེར་ན་ཉི་ཧོང་ནང་མཚོ་འགུལ་དང་ས་ཡོམ་གྱི་གོད་ཆགས་བྱུང་བའི་སྐབས་ཡུ་ཀྲུབ་ཅེས་པའི་ནང་གནས་ཚུལ་བཏོན་པ་དེ་དག་ལྟ་མཁན་ས་ཡ་མང་པོ་བྱུང་ཡོད་པ་རེད། དེས་མ་ཟད་གནས་ཚུལ་དེ་དག་ཉིན་རེ་ནས་ཉིན་རེ་འགྱུར་བ་ཐེབས་འགྲོ་གི་ཡོད་པ་དེ་དག་མུ་མཐུད་ནས་ཡུ་ཀྲུབ་བརྒྱུད་ནས་བལྟས་པ་སོགས་ཀྲི་ཝི་འམ་བརྙན་འཕྲིན་གྱི་བརྒྱུད་ལམ་ལས་ཀྱང་བལྟ་མཁན་མང་བ་ཆགས་ཀྱི་ཡོད་པའི་དཔྱད་ཞིབ་བྱས་འདུག ཡང་གོང་ཞུས་སྙན་ཐོའི་ནང་། དེང་སང་ཡུ་ཀྲུབ་ནང་གནས་ཚུལ་བལྟ་མཁན་ཇེ་མང་དུ་འགྲོ་གི་ཡོད་པའི་གོ་སྐབས་དེ་བཟུང་ནས་འབྲེལ་ཡོད་ཚན་པ་ཁག་ནས་ཀྱང་མང་ཚོགས་ནས་ཝི་དྲོ་བརྙན་པར་བཟོ་བཀོད་བྱས་པ་དེ་དག་མཁོ་སྒྲུབ་བྱས་པ་བརྒྱུད་གསར་འགྱུར་ལྟ་མཁན་མང་ཚོགས་ལ་གནས་ཚུལ་འགྲེམས་སྤེལ་བྱེད་ཐུབ་པ་བྱས་པ་ཡིན་ན་ཕན་ཐོགས་ཡོང་རྒྱུ་དང་། དེ་བཞིན་ཝི་དྲོ་བརྙན་པར་གྱི་གསར་འགྱུར་རྣམས་ཕན་ཚུན་བརྗེ་ལེན་བྱེད་པའི་ལམ་སྲོལ་དེ་དག་ཀྱང་གོ་སྐབས་བཟང་པོ་ཞིག་ཡིན་པ་རེད། དེའི་བརྒྱུད་རིམ་ནི་ཡུ་ཀྲུབ་བདག་གཉེར་བྱེད་མཁན་གྷུ་གྷལ་དྲ་རྒྱ་དང་འབྲེལ་བ་བྱེད་དགོས་ངེས་ཡིན་ལུགས་སོགས་སྙན་ཐོ་བཏོན་ཡོད་པ་རེད།