རྔ་པ་བོད་མིར་གདུང་སེམས་མཉམ་སྐྱེད་ཆེད་ཞི་བའི་གོམ་བགྲོད།
2011.05.08
༄༅༎དེ་རིང་རེས་གཟའ་ཉི་མ་དང་ཟླ་བ་ཉིན་གཉིས་རིང་འདི་ག་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་གྱི་རྒྱ་ནག་གཞུང་ཚབ་ཁང་དང་ཨ་རི་དང༌། རྒྱ་ནག་གི་ཆེས་མཐོའི་སྐུ་ཚབ་ཀྱི་ལྷན་ཚོགས་ཚོགས་ཡུལ་དུ་བོད་ཀྱི་རྔ་པ་ཁུལ་དུ་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་པའི་བྱ་སྤྱོད་ལ་གདུང་སེམས་མཉམ་སྐྱེད་ཀྱི་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་པ་རེད།
དེང་སྐབས་བོད་ཀྱི་རྔ་པ་ཁུལ་དུ་རྒྱ་ནག་གཞུང་གིས་ཚབས་ཆེའི་དྲག་གནོན་དང་དམ་བསྒྲགས་བྱེད་པའི་བྱ་སྤྱོད་རྒྱལ་སྤྱིའི་ཐོག་མཁྱེན་རྟོག་ཡོང་ཐབས་དང༌། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་མི་ཆོས་ལས་འདས་པའི་རྡུབ་རྩུབ་དང་དྲག་གནོན་གྱི་བྱ་སྤྱོད་ལ་ངོ་རྒོལ་གྱི་ཆེད་དུ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནས་རྒྱལ་ས་ལྦ་ཤིང་ཀྲོན་བར་ཞི་བའི་གོམ་བགྲོས་གནང་མཁན་བོད་མི་དགུ་པོ་རྣམས་རེས་གཟའ་སྤེན་པའི་ཉིན་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་འབྱོར་ཡོད་པ་ལྟར། ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པ་དང༌། རྒྱལ་ས་ལྦ་ཤིང་ཀྲོན་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ། ས་གནས་གཞོན་ནུ་ཚོགས་པ། ས་གནས་བོད་རང་དབང་སློབ་ཕྲུག་ཚོགས་པ་བཞིས་འགོ་སྒྲིག་གནང་སྟེ། རེས་གཟའ་ཉི་མའི་ཉིན་སྔ་དྲོའི་ཚོུད་༡༠ ནས་༣ བར་གོམ་བགྲོས་གནང་མཁན་བོད་མི་ཁོང་རྣམས་དང༌། འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་མངའ་ཁུལ་གྱི་བོད་མིའི་ཐོག ད་དུང་གྲོང་ཁྱེར་ནེའུ་ཡོག་ནས་འགྲུལ་སྐྱེལ་སྣུམ་འཁོར་སྦ་སེ་ནང་བོད་མི་དྲུག་ཅུ་ཙམ་ཕེབས་ཏེ། རྒྱལ་ས་ལྦ་ཤིང་ཀྲོན་གྱི་རྒྱ་ནག་གཞུང་ཚབ་ཁང་མདུན་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་པ་རེད། རེས་གཟའ་ཟླ་བའི་ཉིན་ཨ་རི་དང་རྒྱ་ནག་གི་ཐབས་ཇུས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲོས་མོལ་འགོ་བཙུགས་གནང་གི་ཡོད་པ་ལྟར། ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་ དང་ནོར་སྲིད་དྲུང་ཆེ་ཊིམ་གའེ་ཐི་ནར་ རྒྱ་ནག་གི་སྲིད་བློན་གཞོན་པ་ལྦང་ཆི་ཧྲན་དང་ཏའེ་པིང་གུའོ་ལྷན་ཚོགས་ཚོགས་ཡུལ་དུ་ གྲོང་ཁྱེར་ནེའུ་ཡོག་ནས་ད་དུང་བོད་མི་མང་པོ་ཞིག་མཉམ་ཞུགས་གནང་བའི་ཐོག་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་ཚོགས་པ་དང༌། ཡུ་གུར་ཚོགས་པ། རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པ། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ། ནེའུ་ཡོག་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པ། རྒྱལ་སའི་བོད་རིགས་ཚོགས་པ། ས་གནས་བོད་ཀྱི་གཞོན་ནུ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་བཟུང་འབྲེལ་གྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་རེད།།