བོད་པའི་བུད་མེད་ཅིག་ལ་གྲགས་ཅན་སློབ་གྲའི་སློབ་ཡོན་ཐོབ།
དཀོན་མཆོག་སྒྲོལ་མ་ལགས་ལ་འཛམ་གླིང་ནང་སྐད་གྲགས་ཡོད་པའི་ཨོཀསི་ཕོརཌ་མཐོ་རིམ་སློབ་གྲྭའི་ཆེས་སྙན་གྲགས་ཆེ་བའི་སློབ་ཡོན་ཐོབ།
-
2011-04-12 -
-
-
༄༅༎ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོཀ་ནས་ཡིན་པའི་བོད་པའི་བེུད་དཀོན་མཆོག་སྒྲོལ་མ་ལགས་ལ་འཛམ་གླིང་ནང་སྐད་གྲགས་ཡོད་པའི་དབྱིན་ཡུལ་གྱི་ཨོཀསི་ཕོརཌ་མཐོ་རིམ་སློབ་གྲྭར་སློབ་སྦྱོང་བྱ་རྒྱུར་ཀེལེ་རེན་དྲེན་སློབ་ཡོན་ཞེས་པ་ཆེས་སྙན་གྲགས་ཆེ་བའི་སློབ་ཡོན་དེ་ཐོབ་འདུག།
དེ་ཡང་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་རྟེན་གཞི་བྱེད་པའི་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གི་ལྷོ་དང་ལ་ཏིན་ཨ་མི་རི་ཀའི་འབྲེལ་འཐུད་པ་ཚེ་དབང་ཕུན་ཚོགས་ལགས་ཀྱི་མཚན་ཐོག་ནས་སྤེལ་བའི་གནས་ཚུལ་དེའི་ནང་དཀོན་མཆོག་སྒྲོལ་མ་ལགས་དེ་སྔོན་ནིའུ་ཡོཀ་མངའ་སྡེའི་ནང་ཡོད་པའི་ལེཧེ་མེན་ཆེས་མཐོའི་སློབ་གྲྭ་དེའི་ནང་གི་གཟེངས་སུ་ཐོན་པའི་སློབ་ཕྲུག་ཅིག་ཡིན་འདུག།
ཁོང་དབྱིན་ཡུལ་གྱི་ཨོཀསི་ཕོརཌ་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་དུ་རྒྱལ་སྤྱིའི་འབྲེལ་འཐུད་སློབ་སྦྱོང་གནང་རྒྱུ་ཡིན་འདུག་ཅིང་ ཉེ་བའི་ཆར་དཀོན་མཆོག་སྒྲོལ་མ་ལགས་ནས་ནིའུ་ཡོཀ་གྲོང་ཁྱེར་གྱིས་སློབ་ཡོན་ལས་འཆར་གྱི་འོག་གཞུང་དང་མི་དམངས་ཀྱི་སྲི་ཞུའི་ཞབས་འདེགས་འགྲུབ་པའི་ནུས་པ་ཡོད་པར་ངོས་འཛིན་ཐོབ་པའི་སློབ་ཕྲུག་ཁག་ཅིག་ལ་འཛིན་སྐྱོང་སྦྱོར་བརྡར་གྱི་ལས་རིམ་ཁག་ཅིག་གི་ནང་ལ་ཡང་མཉམ་ཞུགས་གནང་འདུག།
ཀེ་ལེ་རེན་དྲེན་སློབ་ཡོན་ཞེས་པ་དེ་འགོ་འཁྲིད་ཀྱི་ནུས་པ་ཡོད་པའི་སློབ་ཕྲུག་ཉུང་ཤས་ཞིག་ལ་མ་གཏོགས་ཐོབ་ཀྱི་མེད་ལ་ ཚད་མཐོའི་སློབ་ཡོན་དེ་ཞུ་མཁན་གྱི་འགྲན་བསྡུར་ཧ་ལས་པའི་ཆེན་པོ་ཡོད་འདུག་ཅིང་ ལོ་ལྟར་སློབ་ཡོན་དེ་ཞུ་མཁན་གྱི་སྙན་ཞུ་འབྱོར་བའི་ཁོངས་ནས་བརྒྱ་ཆ་བཅུ་ཙམ་ལ་མ་གཏོགས་སློབ་ཡོན་དེ་ཐོབ་ཀྱི་མེད་པ་རེད།
དཀོན་མཆོག་སྒྲོལ་མ་ལགས་ལ་གྲགས་ཅན་གྱི་སློབ་ཡོན་དེ་ཐོབ་ཟིན་སྟབས་ཨོཀསི་ཕོརཌ་དུ་སློབ་སྦྱོང་གནང་རིང་སློབ་གྲྭ་དང་ དེབ་མཁོ་ དེ་བཞིན་སྡོད་གནས་དང་ འཚོ་བའི་མཐུན་རྐྱེན་ཡོངས་རྫོགས་སློབ་ཡོན་དེ་ནས་ཐོབ་རྒྱུ་ཡིན་འདུག།