གུར་མགོན་སྐྱབས་བོད་ནས་རྐྱེན་འདས་སུ་ཕྱིན་ཡོད་པ།

བོད་མི་གློག་བརྙན་འཁྲབ་སྟོན་པ་གུར་མགོན་སྐྱབས་ལགས་བོད་ནང་འགྲིམ་འགྲུལ་དོན་རྐྱེན་འོག་འདས་གྲོངས་སུ་ཕྱིན་ཡོད་འདུག

ཧི་མ་ལ་ཡ་གློག་བརྙན་དང་གུར་མགོན་སྐྱབས་ཀྱི་ཉེ་པར། ༢༠༡༦ པར་ཚགས།

དེ་ཡང་གནས་ཚུལ་ལྟར་ན། ཧི་མ་ལ་ཡ་ཞེས་པའི་གློག་བརྙན་འཁྲབ་སྟོན་པ་གུར་མགོན་སྐྱབས་ལགས། ཚེས་༢༩ཉིན། མདོ་སྨད་མདོ་ལྷོ་གཙོད་གྲོང་ཁྱེར་ནས་བླ་བྲང་དུ་འཕྲུལ་རྟ་ཞོན་ནས་བསྐྱོད་སྐབས། ལམ་བར་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་འདས་གྲོངས་སུ་ཕྱིན་ཡོད་འདུག
སྤྱིར་བཏང་ཁོང་ཧྥ་རན་སི་ལ་གནས་སྡོད་བྱེད་མཁན་བོད་མི་ཞིག་ཡིན་པ་དང་། ཕ་ཡུལ་དུ་གཉེན་ཚན་ཐུག་འཕྲད་དུ་འབྱོར་སྟེ་ཟླ་བ་གཅིག་ཙམ་ལས་ཕྱིན་མེད་པ་རེད།
གུར་མགོན་སྐྱབས་ལགས་ནི། མདོ་སྨད་ཀན་ལྷོ་ཁུལ་གཙོད་ཁ་ཟག་སྡེ་བ་རུ་སྐྱེས་ཤིང་། ས་གནས་ཀྱི་སློབ་གྲྭ་འགྲིམས་རྗེས་༡༩༩༣་ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཏེ་སུ་ཇ་བོད་ཁྱིམ་དུ་སློབ་གཉེར་བྱས་ཡོད་པ་དང། ཕྱི་ལོ་༡༩༩༧་ཙམ་ནས་བཟུང་གློག་བརྙན་འཁྲབ་སྟོན་གྱི་ལས་ལ་ཞུགས་པ་དང་། ཕྱི་ལོ་༢༠༠༠་ལོར་ཧྥ་རན་སིར་གནས་སྤོས་ཀྱིས་ཡུལ་དེའི་ནང་གློག་བརྙན་སྒྱུ་རྩལ་གྱི་ལས་རིགས་གཉེར་ཏེ་ཧི་མ་ཡ་ལ་དང་། རང་དབང་གི་ལག་པ་ཞེས་པ་སོགས་གློག་བརྙན་ཁག་ཅིག་འཁྲབ་ཡོད་པ་རེད།
ཁོང་གིས་མི་སྣ་གཙོ་བོ་འཁྲབ་པའི་ཧི་མ་ལ་ཡ་ཞེས་པའི་གློག་བརྙན་དེ། ཨ་རིའི་ནང་Oscar ཞེས་གྲགས་ཆེ་བའི་གློག་བརྙན་གྱི་དུས་སྟོན་ནང་། གློག་བརྙན་རྩེ་ཕུད་ཀྱི་ཐོ་གཞུང་གྲས་སུ་བདམས་ཐོན་བྱུང་ཡོད་པ་དང་། གློག་བརྙན་དེ་ཧྤ་རན་སི་ལ་སོགས་པའི་སྐད་ཡིག་ཁག་ཅིག་ནང་ཕབ་བསྒྱུར་བྱས་ཏེ་གཟེངས་རྟགས་ཁག་ཅིག་ཀྱང་ཐོབ་ཡོད་འདུག
གནས་ཚུལ་ནང་གསལ་ལྟར་ན།  ༢༠༠༨་ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཧྥ་རན་སིའི་རྒྱ་ནག་གཞུང་ཚབ་མདུན་བོད་མི་ཚོས་ཞི་བའི་ངོ་རྒོལ་གནང་སྐབས། གུར་མགོན་སྐྱབས་ལགས་ཀྱིས་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་རྒྱལ་སྒོའི་སྟེང་འཛེགས་ཏེ་རྒྱ་ནག་གི་རྒྱལ་དར་མར་ཕབ་པ་དང་། བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་མྱོང་ཡོད་འདུག
ཧི་མ་ལ་ཡ་ཞེས་པའི་གློག་བརྙན་འཁྲབ་མཁན་གཙོ་གྲས་བལ་ཡུལ་གྱི་དོལ་བོ་བ་འཕྲིན་ལས་ལྷུན་གྲུབ་ལགས་ཀྱང་༢༠༡༦ལོའི་ཟླ་༤་བའི་ནང་གཡང་ལ་ལྷུང་ནས་རྐྱེན་འདས་སུ་ཕྱིན་ཡོད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org