༸གོང་ས་མཆོག་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེར་ཆིབས་བསྒྱུར།

༸གོང་ས་མཆོག་རྒྱ་དཀར་ནག་བར་ལ་རྩོད་གཞི་ཆེན་པོར་གྱུར་བའི་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་པཱར་རྡེཤ་ཁུལ་དུ་ཆིབས་བསྒྱུར་གནང་འཆར།

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་གར་དང་རྒྱ་ནག་བར་ལ་བདག་དབང་གི་རྩོད་གཞི་ཆེན་པོར་གྱུར་བའི་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་པཱར་རྡེཤ་ཁུལ་དུ་ཆིབས་བསྒྱུར་བསྐྱང་གནང་རྒྱུའི་འཆར་གཞི་ཡོད་པའི་སྐོར་དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་རོའུ་ཀྲར་གསར་འགོད་པར་གསུངས་དོན་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རུ་ན་ཅལ་པཱར་རྡེཤ་ཁུལ་དུ་ཆིབས་བསྒྱུར་བསྐྱང་རྒྱུ་དེ་ནི་ཕྱི་ཟླ་བཅུ་གཅིག་པའི་གཟའ་འཁོར་གཉིས་པའི་ནང་ཐུགས་གཏན་འཁེལ་ཡོད་པ་དང་ཡིན་ནའང་༸གོང་ས་མཆོག་མངའ་སྡེ་དེའི་ནང་ཆིབས་བསྒྱུར་བསྐྱང་རྒྱུའི་མཛད་འཆར་གཙོ་བོ་ནི་ཆོས་ཕྱོགས་ཁོ་ན་ཡིན་པ་ལས་ཆབ་སྲིད་སྐུ་དོན་གང་ཡང་གནང་རྒྱུ་མིན་པ་མ་ཟད་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་པའི་སྐོར་གསུངས་ཡོད་པ་རེད། ཡིན་ནའང་ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའེ་ལྦན་དུ་ཆིབས་བསྒྱུར་བསྐྱང་བའི་སྐབས་ཆོས་ཕྱོགས་ཀྱི་མཛད་འཆར་ཁོ་ན་ཡིན་པའི་གསལ་བཤད་གནང་ཡང་རྒྱ་ནག་ཕྱོགས་ནས་ཁོང་ཁྲོའི་ངོ་རྒོལ་དང་སྐྱོན་བརྗོད་ཞུས་པ་བཞིན་ད་རེས་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་པཱར་རྡེཤ་ནང་ཆིབས་བསྒྱུར་བསྐྱང་ཡུལ་དེ་ནི་རྒྱ་ནག་གཞུང་གིས་རྒྱ་ནག་གི་བདག་དབང་གི་ས་ཁུལ་ཞིག་ཡིན་པ་རྩོད་ལེན་བྱེད་པའི་རྒྱ་གར་དང་རྒྱ་ནག་བར་ལ་རྩོད་གཞི་ཅན་ཞིག་ཡིན་པར་བརྟེན་ནས་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་གནས་དེར་ཆིབས་བསྒྱུར་བསྐྱང་རྒྱུར་ངོ་རྒོལ་བྱ་རྒྱུ་ངེས་པ་ཞིག་ཡིན་པ་དང་དེའི་ཐོག་ལ་བོད་རང་དབང་གི་ལས་འགུལ་སྤེལ་མཁན་གྱི་བོད་མི་རྣམས་དང་ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་བོད་ནང་དུ་རིག་གཞུང་དང་ཆོས་ལུགས་རང་དབང་དགོས་པ་དང་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་འབད་བརྩོན་གནང་བའི་གནད་དོན་ཐོག་ལ་དོ་སྣང་དང་དོགས་ཟོན་གསར་པ་ཞིག་བྱ་དགོས་པ་ཞིག་ཡོང་རྒྱུ་ཡིན་པ་གནས་ཚུལ་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་པ་མ་ཟད་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དུ་ཡོད་པའི་རྒྱ་ནག་གི་གནད་དོན་ཐད་ཀྱི་མཁས་དབང་སྦ་སི་ཀར་རོའེ་ཞུ་བས་༸གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རུ་ན་ཅལ་པཱར་རྡེཤ་ནང་ཆིབས་བསྒྱུར་བསྐྱང་རྒྱུའི་དུས་ཚོད་དེ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ཡིན་པ་གསུངས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org