ཨུ་རུ་སུའི་གྲགས་ཅན་རྩོམ་པ་པོ་སོལ་ཛེ་ནི་ཙིན་སྐུ་གཤེགས་པ།

ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྩོམ་པ་ཨེ་ལེག་ཛེན་ཌར་སོལ་ཛེ་ནི་ཙིན་སྙིང་གི་སྙུངས་གཞིས་རྐྱེན་བྱས་ཏེ་སྐུ་གཤེགས་ཡོད་པ་རེད་

༄༅༎ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ འཛམ་གླིང་ནང་ཡོངས་སུ་གྲགས་པའི་ཨུ་རུ་སུའི་རྩོམ་པ་པོ་ ཨེ་ལེག་ཛེན་ཌར་ སོལ་ཛེ་ནི་ཙིན་ ཁ་ས་གཟའ་ཉི་མའི་ཉིན་སྙིང་གི་སྙུངས་གཞིས་རྐྱེན་བྱས་ཏེ་སྐུ་གཤེགས་ཡོད་པ་རེད་ སྐབས་དེར་ཁོང་དགུང་ལོ་ ༨༩ར་ཕེབས་ཡོད་པ་རེད་ སྐུ་ཞབས་ ཨེ་ལེག་ཛེན་ཌར་ སོལ་ཛེ་ནི་ཙིན་ དེ་ཉིད་ཀྱིས་ དམར་ཤོག་ཚོགས་པས་རྒྱུན་འཛིན་བྱས་པའི་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་དབང་གཅིག་སྡུད་ལམ་ལུགས་འོག་ དམར་ཤོག་ཚོགས་པ་དང་ དམར་ཤོག་ཚོགས་པའི་ལྟ་གྲུབ་དང་ལོགས་སུ་འགལ་བའི་བསམ་ཚུལ་དང་ ཆབ་སྲིད་ལངས་ཕྱོགས་འཛིན་མཁན་རྣམས་ ཨུ་རུ་སུའི་ཆེས་བྱང་ཕྱོགས་འཁྱག་རོམ་གྱིས་ཁེངས་པའི་སའེ་སྦེ་རི་ཡའི་ནང་གི་ངལ་རྩོལ་བསྒྱུར་བཀོད་ར་བའི་ནང་ ཁོང་རང་ཉིད་ཙམ་གྱིས་མ་ཟད་ ཁོང་དང་འདྲ་བའི་ལྟ་བ་འདྲ་མཚུངས་འཛིན་མཁན་ཨུ་རུ་སུའི་མི་མང་ཚོའི་ཐོག་ལ་ ལོ་མང་རིང་བཙོན་འཇུག་དང་ ཡ་ང་སྙིང་རྗེ་མེད་པར་ལུས་སེམས་གཉིས་ཀར་ངལ་རྩོལ་སྐུལ་བའི་དངོས་བྱུང་འཁྲུལ་མེད་ཀྱི་ལོ་རྒྱུས་རྣམས་ཇི་མ་ཇི་བཞིན་འཇིགས་ཞུམ་མེད་པར་ཡིག་ཐོག་ཏུ་བཀོད་གནང་ཡོད་པ་རེད་ དེ་ལ་བརྟེན་ནས་ ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་ཁོང་ མི་ལོ་ ༢༠འི་རིང་ རང་ཡུལ་ནས་ཕྱིར་འབུད་བཏང་ཡོད་པ་རེད་ འོན་ཀྱང་འཛམ་གླིང་གི་ཁྱོན་ལ་ཁོང་གོ་བློ་སྟོབ་དང་ ཆོད་སེམས་ལ་བསྔགས་བརྗོད་ཆེན་པོ་ཞུས་པས་མ་ཟད་ ནོ་བེལ་བྱ་དགའ་ཚོགས་པས་ ཞི་བདེའི་གཟེངས་རྟགས་ཡལ་ཕུལ་བ་རེད་ ཁོང་གི་སྐུ་ཚེའི་ལོ་རྒྱུས་དང་ རྣམ་ཐར་ཁོང་གི་བློ་སྟོབས་ཀྱིས་ དམར་པོའི་ལམ་ལུགས་དང་སྲིད་དབང་གཅིག་སྡུད་ལམ་ལུགས་འོག་ཏུ་ཚུད་པའི་འཛམ་གླིང་གི་མི་མང་ཚོར་བློ་ཤེད་སྐྱེ་བ་དང་ སེམས་འགུལ་ཐེབས་པ་སེམས་ཤུགས་འཕར་བ་སོགས་ཀྱི་ཚོར་བ་གསར་པ་སྐྱེས་ཏེ་ གང་ཟག་མི་སྒེར་གཅིག་གི་བློ་སྟོབས་ དྲང་བདེན་གྱི་ནུས་པས་ འཛམ་གླིང་ནང་གི་སྟོབས་དང་ ནུས་ཤུགས་ལྡན་པའི་སྲིད་དབང་གཅིག་སྡུད་རིང་ལུགས་ཇི་འདྲ་ཞིག་ཡིན་རུང་ མཐའ་མའི་དུས་སུ་ཕམ་ཉེས་གཏོང་ཐུབ་པའི་ནུས་པ་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org