ཤྲི་ལང་ཀས་དམག་མི་མང་པོར་ཉེས་ཆད་གུ་ཡངས་བཏང་བ།
ཤྲི་ལང་ཀའི་གཞུང་གིས་དམག་སྒར་ནས་རང་མཚམས་ཀྱི་ཕྱིར་ཐོན་བྱས་པའི་དམག་མི་སྟོང་ཕྲག་མང་པོར་ཉེས་ཆད་གུ་ཡངས་གཏོང་རྒྱུ་ཡིན་པ།
-
2009-08-02 -
-
-
༄༅༎ཤྲི་ལང་ཀའི་ནང་ཊ་མིལ་གྱེན་ལོག་པའི་ལས་འགུལ་ཚར་གཅོད་བྱས་པའི་རྗེས་སུ་ད་ཆ་གཞུང་གིས་དམག་སྒར་ནས་རང་མཚམས་ཀྱི་ཕྱིར་ཐོན་བྱས་པའི་དམག་མི་སྟོང་ཕྲག་མང་པོར་ཉེས་ཆད་གུ་ཡངས་གཏོང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
ཨེ་ཨེཕ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་དེ་སྔ་གཞུང་གི་དམག་མི་ཚུལ་མཐུན་དགོངས་ཞུ་མ་བྱས་པར་ཕྱིར་ཐོན་བྱེད་མཁན་ཚོར་ཉེས་ཆད་མེད་པར་སོ་སོའི་དམག་སྒར་ལ་ཕྱིར་ལོག་བྱས་ན་འགྲིགས་ཀྱི་ཡོད་ལུགས་དམག་སྤྱི་ཨུ་རྡ་ཡ་ན་ན་ཡཀ་ཀ་ར་ཡིས་གསུངས་ཡོད་པ་ལུང་འདྲེན་བྱས་འདུག ཡང་དེ་སྔ་སྒྲིག་མཐུན་དགོངས་ཞུས་གནང་བའི་དམག་མི་ཚོ་ཡང་ཡིག་ཆ་ཁུངས་ལྡན་བཏོན་རྒྱུ་ཡོད་པ་དང་གཞུང་གི་བཅའ་དངོས་རིགས་ཕྱིར་ལོག་བྱས་ན་བསྐྱར་དུ་སྒྲིག་ཁོངས་ལེན་རྒྱུ་ཡིན་ལུགས་དམག་སྤྱི་ན་ན་ཡཀ་ཀར་ཡིས་གསུངས་གནང་འདུག ལས་འགུལ་འདི་བཞིན་འདི་ལོ་ཕྱི་ཟླ་ལྔ་པའི་ནང་གཞུང་གི་དམག་མིས་ཊ་མིལ་སྟག་གྱེན་ལོག་ཤོག་ཁག་ཚར་གཅོད་བྱས་པའི་རྗེས་སུ་འགོ་འཛུགས་བྱས་ཡོད་པ་ཞིག་རེད་འདུག ཕྱི་ལོ་ཉིས་སྟོང་གཅིག་ལོར་གཞུང་གི་དམག་མི་༥༡༠༠༠དམག་ཁོངས་ནས་རང་འཚམས་ཕྱིར་ཐོན་བྱས་ཡོད་ཀྱང་ད་ཆ་ཊ་མིལ་གྱེན་ལོག་པ་ཚར་གཅོད་བྱས་ཟིན་པ་ལྟ་བུ་ཡང་གཞུང་གིས་དམག་མི་འཕར་མ་ལེན་རྒྱུ་འགོ་འཛུགས་ཀྱིས་བྱང་ཕྱོགས་སུ་དེ་སྔ་གྱེན་ལོག་པའི་ས་ཁུལ་ནང་དམག་མི་མི་ཉུང་བ་འགྲེམས་འཇོག་བྱེད་རྒྱུ་ཡིན་པ་དང་དེའི་དབར་ལ་སྲིད་འཛིན་གྱིས་དེ་སྔ་བྲོས་བྱོལ་དུ་འགྲོ་སྐབས་འཛིན་བཟུང་གྱིས་བཙོན་འཇུག་བྱས་པའི་དམག་མི་༡༨༠༠ཐམ་པ་གློད་བཀྲོལ་དགོས་པའི་བཀའ་རྒྱ་བཏང་བ་ལྟར་ཉེས་ཆད་གུ་ཡངས་བཏང་ནས་གློད་བཀྲོལ་བྱས་ཡོད་འདུག།།