ཞོགས་ལྗང་གང་དུ་ཡོད་མེད་རྒྱ་ནག་གིས་གསལ་སྟོན་བྱེད་དགོས།

རྒྱ་ནག་གིས་བོད་ནང་གི་རྩོམ་པ་པོ་ཞོགས་ལྗང་གི་སྐོར་ལ་གནས་སྟངས་གསལ་ཁ་སྟོན་དགོས་པ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་འབོད་སྐུལ་བྱས་འདུག

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་འབོད་སྐུལ་ཡིག་ཆ། དྲ་བཤུས།

རྒྱ་ནག་གིས་བོད་ནང་གི་རྩོམ་པ་པོ་ཞོགས་ལྗང་གི་སྐོར་ལ་གནས་སྟངས་གསལ་ཁ་སྟོན་དགོས་པ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་འབོད་སྐུལ་བྱས་འདུག
དེ་ཡང་སྤྱི་ཚེས་༡༤ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བོད་ནང་གི་རྩོམ་པ་པོ་འབྲུག་ལོའམ་སྨྱུག་མིང་ལ་ཞོགས་ལྗང་ལགས་ད་ལྟ་ས་གནས་གང་དུ་ཡོད་མེད་སོགས་རྒྱ་ནག་གིས་གསལ་བཏོན་བྱེད་དགོས་ཞེས་ཛ་དྲག་འབོད་སྐུལ་བྱས་ཡོད་པ་དང་། ད་དུང་ཁོང་གི་བདེ་འཇགས་ལ་སྲུང་སྐྱོབ་དང་། སྡུག་སྦྱོང་མནར་གཅོད་གཏོང་གི་མེད་པའི་ཁས་ལེན་དགོས་པའི་ཁར། ཁོང་གི་ནང་མི་དང་ཁྲིམས་རྩོད་པར་ཐུག་འཕྲད་ཆོག་པའི་དགོས་འདུན་བཏོན་པ་དང་འབྲེལ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ཀྱང་འབྲེལ་ཡོད་རྒྱ་གཞུང་གི་དཔོན་རིགས་ཁག་ལ་དེ་ལྟར་འབོད་སྐུལ་གནང་དགོས་ཞེས་འཁོད་འདུག
ད་དུང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ལོ་འདིའི་སྤྱི་ཟླ་༣་པའི་ཚེས་༡༩ཉིན་བོད་ཀྱི་ན་གཞོན་རྩོམ་པོ་པོ་འབྲུག་ལོའམ། སྨྱུག་མིང་ལ་ཞོགས་ལྗང་ལགས་རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣས་རང་སྣང་གང་དྲན་གྱིས་འཛིན་བཟུང་བྱས་སྟེ་ཁྲིམས་རྩོད་པ་གང་ཡང་མེད་པའི་ཐོག་ནས་སྡུག་སྦྱོང་མནར་གཅོད་ཚད་མེད་གཏོང་བཞིན་པ་ཡིད་ཆས་བྱེད་བཞིན་ཡོད་ལ། དེ་འདྲའི་དོན་དག་བྱུང་དོན་ནི་ཁོང་གིས་འཛིན་བཟུང་མ་བྱས་སྔོན་གྱི་སྤྱི་ཟླ་༣པའི་ཚེས་༡༦ཉིན་རེབ་གོང་ཕྱོགས་སུ་རྒྱ་ནག་གི་དམག་མི་མང་པོས་མེ་མདའ་བཟུང་ནས་ས་གནས་སུ་དམ་དྲག་བྱེད་བཞིན་པའི་སྐོར་ལ་ཟིན་བྲིས་སྤེལ་ཡོད་པ་རེད་ཅེས་འཁོད་འདུག
དེ་སྔོན་སྤྱི་ལོ་༢༠༡༠ལོའི་སྤྱི་ཟླ་༤བའི་ཚེས༦ཉིན་བོད་ཀྱི་ན་གཞོན་རྩོམ་པ་པོ་ཐེའུ་རང་དང་། ཞོགས་ལྗང་གཉིས་རྒྱ་ནག་གཞུང་གིས་སྤྱི་ལོ་ཉིས་སྟོང་བརྒྱད་ལོའི་ནུབ་བྱང་སློབ་ཆེན་གྱི་བོད་རིགས་སློབ་མའི་ཞི་བའི་གསར་བརྗེའི་སྣེ་ཁྲིད་པ་དང༌། ཕྱི་སྡོད་བོད་ཀྱི་ཤེས་ཡོན་ཅན་དང་འབྲེལ་བ་ཡོད་པ། བོད་ནང་དུ་མི་རིགས་ཁ་བྲལ་གྱི་ངན་སྐུལ་བྱེད་བཞིན་ཡོད་པ་སོགས་ཀྱི་ཉེས་བཙུགས་ཀྱིས་འཛིན་བཟུང་བྱས་པ་དང༌། རྗེས་སུ་རྩོམ་པ་པོ་ཐེའུ་རང་ཟི་ཁྲོན་ཞིང་ཆེན་གྱི་བདེ་འཇགས་ལས་ཁུངས་དུ་བཀག་ཉར་བྱས་པ་དང་། རྩོམ་པ་པོ་ཞོགས་ལྗང་ཀན་སུའུ་ལན་ཀྲོའུ་གྲོང་ཁྱེར་གྱི་བདེ་འཇགས་ལས་ཁུངས་ནས་བཀག་ཉར་བྱས་མྱོང་ཡོད་པ་རེད། གློད་གྲོལ་རྗེས་ཁོང་ནུབ་བྱང་མི་རིགས་སློབ་ཆེན་ནང་བསྐྱར་ཞུགས་བྱེད་མི་ཆོག་པའི་བཀག་སྡོམ་བྱས་ཡོད་པ་མ་ཟད། སློབ་གྲྭ་མཐར་ཕྱིན་གྱི་ངག་རྒྱུགས་བགྲོ་གླེང་དུའང་མཉམ་ཞུགས་བྱེད་བཅུག་མེད་པ་རེད།
གོང་གི་ན་གཞོན་རྩོམ་པ་པོ་ཞོགས་ལྗང་ནི་ཁོང་གི་སྨྱུག་མིང་ཡིན་པ་དང་། མིང་དངོས་འབྲུག་ལོ་ཁོང་ནི་ཀན་ལྷོ་ཁུལ་བླ་བྲང་བསང་ཆུ་རྫོང་གི་རྒན་གྱ་ཕྱོགས་ནས་ཡིན་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org