ཤྲི་ལང་ཀའི་ནང་བཙོན་པ་དང་ཉེན་སྲུང་དབར་འཁྲུག་རྩོད་ཡོང་ཉེན།

ཤྲི་ལང་ཀའི་ནང་འཛིན་བཟུང་བཀག་ཉར་བྱས་པའི་ཡུལ་མི་ཁྲི་ཚོ་མང་པོ་དང་ཉེན་སྲུང་མི་སྣའི་དབར་འཁྲུག་རྩོད་གྱི་ཉེན་ཁ་ཡོད་འདུག

༄༅༎ཤྲི་ལང་ཀའི་ནང་ཊ་མིལ་གྱེན་ལོག་པའི་ལས་འགུལ་མཚར་གཅོད་བྱས་པའི་རྗེས་སུ་འཛིན་བཟུང་བཀག་ཉར་བྱས་པའི་ཡུལ་མི་ཁྲི་ཚོ་མང་པོའི་གནས་སྟངས་ཞེན་པའི་དབང་གིས་ཉེན་སྲུང་མི་སྣ་དང་འཁྲུག་རྩོད་གྱི་ཉེན་ཁ་ཡོད་པའི་གནས་ཚུལ་ཐོན་འདུག

རེས་གཟའ་ཉི་མའི་ཉིན་ཨེ་ཨེཕ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་འདི་ལོ་ཕྱི་ཟླ་ལྔ་པའི་ནང་ཤྲི་ལང་ཀའི་ནང་གཞུང་གིས་ཊ་མིལ་གྱེན་ལོག་ཤོག་ཁག་ལ་དྲག་རྒོལ་གྱིས་མཚར་གཅོད་བྱས་པའི་རྗེས་སུ་ཡུལ་མི་འབུམ་གསུམ་ལྷག་བཀག་ཉར་བྱེད་བཞིན་པ་དེ་དག་ལ་འཐུང་ཆུ་སོགས་གཞི་རིམ་གྱི་འཚོ་རྟེན་གྱི་གནས་སྟངས་ཞེན་པའི་དབང་གིས་ད་ཆ་ཉེན་སྲུང་མི་སྣ་དང་འཐབ་རྩོད་ཤོར་རྒྱུའི་ཉེན་ཁ་ཆེན་པོ་ཡོད་ལུགས་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ལྟ་རྟོག་ཚོགས་པའི་ཨེ་ཤེ་ཡ་རྡེ་ཚན་གྱི་འགན་འཛིན་སྦེ་རེ་ཌི་ཨེ་ཌེམ་སི་ཡིས་གསུངས་གནང་འདུག གཞུང་གིས་བཀག་ཉར་བྱས་པའི་ཡུལ་མི་དེ་དག་རིམ་པས་འཕེལ་མགྱོགས་གློད་འགྲོལ་མ་བྱས་ཚེ་དབྱར་ཀའི་ཚ་དུས་ཀྱི་སྐབས་སུ་ནད་ཡམས་འཕེལ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་ལུགས་འགྲེལ་བརྗོད་བྱས་འདུག གཞུང་གིས་ཡུལ་མི་ཁྱོན་ཆེ་ད་བར་བཀག་ཉར་གྱིས་གྱེན་ལོག་པ་དང་ཞི་བའི་ཉེས་མེད་མི་མང་དབྱེ་འབྱེད་བྱེད་ཚུལ་ཁ་གཡོག་གིས་ཡུལ་མི་དེ་དག་དུས་ཡུན་ངེས་མེད་རིང་བཀག་ཉར་བྱེད་རྒྱུ་གཙོན་དོན་བྱེད་ཀྱི་ཡོད་ལུགས་སྐྱོན་བརྗོད་གོང་ཞུས་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་སྐྱོན་བརྗོད་བྱས་འདུག ཟླ་བ་གཅིག་གོང་བཀག་ཉར་བྱས་པའི་ཡུལ་མི་ཁག་ཅིག་བྲོས་བྱོལ་བྱེད་རྩིས་བྱེད་སྐབས་ཉེན་སྲུང་མི་སྣས་མེ་མདའ་རྒྱབ་ཏེ་ཡུལ་མི་གསུམ་རྨས་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org