རྒྱ་ནག་གཞུང་གིས་ཡང་བསྐྱར་བྲག་མགོ་ནས་གུ་རུའི་སྐུ་བརྙན་མཐོ་ཚད་ལ་ཐོག་བརྩེགས་གསུམ་ཙམ་ཡོད་པ་ཞིག་གཏོར་བཤིག་བཏང་ཡོད་འདུག

ཐེངས་འདིར་གཏོར་བཤིག་བཏང་བའི་གུ་རུའི་སྐུ་བརྙན་དེ་བཞིན་འཛུགས་སྐྲུན་བྱས་ཏེ་ལོ་༦་ཙམ་ལས་མིན་པ་དང་། སྐུ་བརྙན་གཏོར་བཤིག་གཏོང་དགོས་པའི་ཉེན་བརྡ་དེ་སྔར་ལོ་ནས་བཏང་ཡོད་འདུག

འཁོར་སྐར་ནས་ལེན་པའི་པར། གུ་གལ།

སྔ་མ། Earth Image CNES/Airbus ཡིས་10/3/2019ཉིན་ལེན་པའི་པར།
ཕྱི་མ། Planet Labs ཡིས་2/25/2022ཉིན་ལེན་པའི་པར།

སྔ་ལོའི་ལོ་མཇུག་ནས་བཟུང་རྒྱ་ནག་གཞུང་གིས་བྲག་མགོ་ཁུལ་དུ་སྟོན་པའི་སྐུ་བརྙན་དང་མ་ཎྀ་འཁོར་ལོ་སོགས་གཏོར་བཤིག་བཏང་སྟེ། ཡུལ་དེའི་ནང་དམ་དྲག་དང་ཡུལ་མི་འཛིན་བཟུང་བཀག་ཉར་སོགས་བྱས་ཡོད་པ་ལྟར། ཉེ་ལམ་ཕྱི་ཟླ་དང་པོའི་ཟླ་མཇུག་ཙམ་ནང་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བསྐྱར་དུ་བྲག་མགོ་ཆ་ནང་དགོན་ནས་གུ་རུ་རིན་པོ་ཆེའི་སྐུ་བརྙན་མཐོ་ཚད་ལ་ཐོག་བརྩེགས་གསུམ་ཙམ་ཞིག་ཡོད་པ་གཏོར་བཤིག་བཏང་ཡོད་པ་དང་། ད་ལྟའི་ཆར་གཏོར་བཤིག་གཏོང་དགོས་པའི་རྒྱུ་མཚན་གསལ་ཁ་གང་ཡང་མེད་ཀྱང་། སྐུ་བརྙན་དེ་སྔ་ལོ་བྲག་འགོ་ནས་སྟོན་པའི་སྐུ་བརྙན་གཏོར་བཤིག་བཏང་བའི་རྗེས་སུ་གཏོར་ཡོད་པས་ལས་འགུལ་གཅིག་མཚུངས་ཤིག་གི་འོག་ནས་རྩ་མེད་བཏང་ཡོད་པ་མངོན་གསལ་ཡིན་སྐོར། བཙན་བྱོལ་ནང་གནས་སྡོད་འབྲེལ་ཡོད་བོད་མི་གཉིས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བྱུང་།
ཆ་ནང་དགོན་ནི་རབ་བྱུང་བཅུ་གཉིས་པའི་འགོར་ཡུལ་དེའི་མཆོག་སྤྲུལ་རིན་པོ་ཆེ་སྟག་བླ་པདྨ་དབང་ཕྱུག་ལགས་ནས་ཕྱག་བཏབ་ཡོད་པའི་རྙིང་མའི་དགོན་པ་ཞིག་ཡིན་པ་དང་། དེ་སྔ་བྲག་འགོ་ཨ་བླ་ཁོག་གི་སྲིབ་ཕྱོགས་སུ་ཡོད་པའི་ཡིད་འོང་ཞེས་པའི་ལུང་བའི་ནང་ཡོད་ན་ཡང་། རྗེས་སུ་བྲག་མགོ་རྫོང་ནས་སྤྱི་ལེ་༡༥་ཙམ་གྱི་སར་ཡོད་པའི་ཤ་ར་ཐང་ཞེས་པའི་རི་སྒང་དུ་གནས་སྤོས་བྱས་ཡོད་འདུག
གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་གཅིག་གིས་མུ་མཐུད་དུ་བརྗོད་དོན་ལ། ཐེངས་འདིར་གཏོར་བཤིག་བཏང་བའི་གུ་རུའི་སྐུ་བརྙན་དེ་བཞིན་བཞེངས་ནས་ལོ་༦་ཙམ་ལས་མིན་པ་དང་། སྔ་ལོ་ནས་སྐུ་བརྙན་དེ་གཏོར་བཤིག་གཏོང་དགོས་པའི་ཉེན་བརྡ་བཏང་ཡོད་ཀྱང་། དགོན་པ་དེའི་བླ་མ་ཞིག་ལ་སྐུ་བརྙན་དང་འབྲེལ་བའི་ཡིག་ཆ་ཞིག་ཡོད་པས་ཅུང་ཙམ་རིང་གཏོར་བཤིག་གཏོང་མ་ཐུབ་པར་ལྷག་ཡོད་ན་ཡང་། རྗེས་སུ་བྲག་མགོ་དགོན་གྲོང་གཉིས་ཀྱི་ཆོས་ལུགས་དད་མོས་ཐད་དམ་དྲག་བྱེད་མཁན་གཏེ་བོ་དེ། བྲག་མགོ་རྫོང་དཔོན་ཝང་ཏུང་ཧྲིན་ཟེར་བས་བཀོད་ཁྱབ་འོག་གཏོར་བཤིག་བཏང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་སྔ་ལོ་བྲག་མགོ་ནས་སྟོན་པའི་སྐུ་བརྙན་གཏོར་བཤིག་བཏང་སྐབས་ས་གནས་ཡུལ་མི་ཚོར་དངོས་སུ་ལྟ་བཅུག་པ་མ་ཟད། རྗེས་སུ་དགོན་གྲོང་གཉིས་ནས་ཡུལ་མི་མང་པོ་གང་བྱུང་འཛིན་བཟུང་གིས་ད་བར་ངལ་རྩོལ་སྒྱུར་བཀོད་ཁང་དུ་བཀག་ཉར་བྱས་ཡོད་པ་རེད་ལ། འབྲེལ་ཡོད་བོད་མི་གཞན་ཞིག་ནས་དེ་སྔ་བྲག་མགོ་ནས་གཏོར་བའི་སྐུ་བརྙན་དེ་མཐོ་ཚད་ལས་བརྒལ་ཡོད་སྐོར་བརྗོད་ནས་གཏོར་བ་དང་། དེའི་རྗེས་བྲག་མགོ་དགོན་པའི་བྱམས་ཆེན་སྐུ་བརྙན་དེ་དགོན་པའི་ས་ཆ་གཙང་སེལ་དང་ལམ་ཁ་དགོས་སྐོར་བརྗོད་ནས་གཏོར་ཡོད་ན་ཡང་། ཐེངས་འདིར་སྐུ་བརྙན་དེ་བཞིན་དགོན་པའི་ནང་དུ་ཡོད་སྟབས་དམིགས་བསལ་ཆ་ས་གཙང་སེལ་དང་ལམ་ཁ་སོགས་ལ་འབྲེལ་བ་མེད་པས། ཆོས་ལུགས་ཐད་དམ་དྲག་བྱས་པ་ཡིན་སྐོར་འགྲེལ་བརྗོད་གནང་གི་འདུག
དེ་སྔ་དགོན་པ་དེ་རི་ཁྲོད་ལྟ་བུ་ཞིག་ལས་མེད་ཀྱང་རྗེས་སུ་ཆ་ནང་ཚང་ཞེས་པའི་ཁྱིམ་ཚང་ཞིག་གིས་སྦྱིན་བདག་བྱས་པས། དགོན་པའི་མིང་ལ་ཆ་ནང་ཞེས་ཐོགས་པ་མ་ཟད། བླ་མ་སྟག་བླ་དང་ཆ་ནང་ཚང་གཉིས་ཀྱིས་གཙོ་བོར་མཛད་ནས་དགོན་པ་དེར་གཙུག་ལག་ཁང་རྟེན་དང་བཅས་པ་བཞེངས་སྐྲུན་གནང་ཡོད་པ་དང་། དེ་སྔ་སྟག་བླ་སྐུ་རིང་ལ་དགོན་པའང་རི་ཁྲོད་ཙམ་ལས་མེད་པས་གྲྭ་བ་དེ་ཙམ་མང་པོ་མེད་ཀྱང་། རྗེས་སུ་རིག་འཛིན་རྒྱ་མཚོའི་སྐུ་རིང་ལ་གྲྭ་བ་ལྔ་བརྒྱ་ཙམ་དང་ཆོས་འཆད་ཉན་སོགས་དར་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org