འབར་མའི་ལྕམ་སུའུ་ཆིས་དབྱིན་ཇིའི་རྒྱལ་སར་འཚམས་གཟིགས།

འབར་མ་དམངས་གཙོ་ཚོགས་པའི་དབུ་འཁྲིད་ལོ་ངོ་༢༤རྗེས་སུ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཕྱོགས་བསྐྱོད་ཐོག་མར་དེར་ཕེབས་འདུག

༄༅༎འབར་མ་ཕྱོགས་འགལ་དམངས་གཙོ་ཚོགས་པའི་དབུ་འཁྲིད་ལྕམ་ཨོང་སན་སུའུ་ཆི་ལོ་ངོ་༢༤རྗེས་སུ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཕྱོགས་བསྐྱོད་ཐོག་མར་དེར་ཕེབས་ཡོད་པའི་གནས་ཚུལ་ཐོན་འདུག་༎

འདས་པའི་ལོའི་ནང་འབར་མ་ནང་དམངས་གཙོའི་རང་དབང་དང་གུ་ཡངས་ཆབ་སྲིད་ཀྱི་བཅོས་བསྒྱུར་རྐྱེན་པས་ ལོ་ངོ་ཉི་ཤུ་རྩ་གྲངས་རྗེས་ རྒྱུན་རིང་བཙན་གནོན་དང་དམ་བསྒྲགས་ཀྱི་་གནས་སྟངས་འོག་ལུས་པའི་ཕྱོགས་འགལ་དམངས་གཙོ་ཚོགས་པའི་དབུ་འཁྲིད་ལྩམ་ཨོང་སན་སུའུ་ཆི་མཆོག་ཡུ་རོབ་ཁུལ་དུ་འགྲིམས་འགྲུལ་གྱི་སྐོར་བསྐྱོད་ཐོག་མ་དེ་གནང་བཞིན་ཡོད་པ་རེད་ ཁ་ས་ཁོང་ཨ་ཡར་ལེནདྲ་གྱི་རྒྱལ་ས་ཌབ་ལིན་དུ་སྐོར་བསྐྱོད་གནང་མཚམས་དེ་རིང་ཉིན་གྲངས་བཞིའི་རིང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཕེབས་འབྱོར་གནང་འདུག་པ་དང་ དེ་ཁུལ་ལྩམ་སུའུ་ཆི་མཆོག་གིས་དབྱིན་ཇིའི་རྒྱལ་སྲས་དང་མཇལ་འཕྲད་དང་གྲོས་ཚོགས་ཚང་མཛོམས་ཐོག་གསུང་བཤད་གནང་རྒྱུ་མ་ཟད་ཆེས་མཐོའི་གཙུག་ལག་སློབ་གྲས་ ལྕམ་སུའུ་ཆི་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་རྒྱུ་གཙོས་པའི་དགའ་བསུའི་སྣེ་ལེན་ཟབ་རྒྱས་གྲ་སྒྲིག་གནང་བཞིན་ཡོད་འདུག་ ལྩམ་སུའུ་ཆི་མཆོག་གིས་རྒྱལ་ས་ལོན་ཌོན་ཁུལ་གྱི་མཛད་འཆར་ཐོག་མ་དེར་ རེས་གཟའ་མིག་དམར་ཉིན་ སྙན་གྲགས་ཆེ་བའི་ཨོཀ་སི་ཕོདྲ་གཙུག་ལག་སློབ་གཉེར་ཁང་གི་གཙོ་འཛིན་ཀིརི་སི་པེ་ཀྲེན་ལགས་ཀྱིས ལྩམ་སུའུ་ཆི་མཆོག་ལ་ཕེབས་བསུའི་སྣེ་ལེན་ཞུ་རྒྱུ་དང་ དེ་ནས་ཉིན་དེ་རང་ London School of Economic ཞེས་པའི་དཔལ་འབྱོར་གཙུག་ལག་སློབ་གཉེར་ཁང་དུ་ བགྲོ་གླེང་ནང་མཉམ་བཞུགས་གནང་རྒྱུ་ཡིན་འདུག རེས་གཟའ་ལྷག་པའི་ཉིན་ ཁོང་སྐུ་ན་གཞོན་དུས་སློབ་གཉེར་གནང་སའི་ཨོཀ་སི་ཕོདྲ་གཙུག་ལག་སློབ་གཉེར་ཁང་གིས་ ལྩམ་སུའུ་ཆི་མཆོག་ལ་ཆེ་བསྟོད་ཞུ་ཆེད་ སྤྱི་དམངས་ཁྲིམས་ལུགས་ཐོག་ འབུམ་རམ་པའི་ཕྱག་ཁྱེར་འབུལ་རྒྱུ་ཡིན་འདུག་ལ་ དེ་བཞིན་ལྩམ་སུའུ་ཆི་ཡིས་གཙུག་ལག་སློབ་གྲའི་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་རྒྱུ་ཡིན་འདུག་ རེས་གཟའ་ཕུར་བུའི་ཉིན་ ཁོང་གིས་དབྱིན་ཇིའི་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་ གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་གསུང་བཤད་གནང་རྒྱུ་དང་ དེ་རྗེས་དབྱིན་ཇིའི་སྲིད་བློན་དྲེ་ལྦིདྲ་ཀེ་མེ་རོན་དང་རྒྱལ་སྲས་ཆའལ་སེ་ལྷན་དང་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ཡོད་པ་བཅས་གནས་ཚུལ་ནང་གསལ་འདུག་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org