ལྕམ་ཨང་སང་སུ་སྐྱི་ཡིས་རང་དབང་དགོས་འབོད་སྐུལ་གནང་བ།
འབར་མའི་ལྕམ་ཨང་སང་སུ་སྐྱི་ནས་ཁོང་བཟང་བཙོན་གྱི་འོག་ནས་གློད་འགྲོལ་གྱི་རང་དབང་དགོས་པའི་དམིགས་བསལ་ཞུ་གཏུགས་གནང་བ།
-
2010-05-11 -
-
-
༄༅༎འབར་མའི་དྲག་པོའི་གཞུང་གིས་དོ་དམ་བཀག་ཉར་བྱེད་བཞིན་པའི་འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨང་སང་སུ་སྐྱི་ཡིས་ཁོང་རང་ཉིད་ཀྱི་རང་དབང་དགོས་པའི་ཞུ་འབོད་བྱས་ཡོད་པ་རེད།
དེ་རིང་ལྕམ་ཨང་སང་སུ་སྐྱི་ཡིས་ཁྲིམས་རྩོད་པས་གསུངས་པར། རེས་གཟའ་ཟླ་བའི་ཉིན་འབར་མའི་མཐོ་རིམ་ཁྲིམས་ཁང་ལ་ལྕམ་ཁོང་ཁྱིམ་ཚང་དུ་དོ་དམ་བཀག་ཉར་བྱེད་བཞིན་པའི་བཟང་བཙོན་གྱི་འོག་ནས་གློད་འགྲོལ་གྱི་རང་དབང་དགོས་པའི་དམིགས་བསལ་ཞུ་གཏུགས་བྱས་ཡོད་པ་དང། དེའི་སྔོན་ལ་ཕྱི་ལོ་༢༠༠༩ལོར་ཁོང་དོ་དམ་བཀག་ཉར་བྱེད་ཡུལ་དུ་ཨ་མི་རི་ཀའི་མི་ཞིག་གིས་ཐུག་འཕྲད་དུ་ཡོང་སྟེ་ཁྱུག་ཙམ་རིང་གནས་སྡོད་བྱེད་དུ་བཅུག་པའི་རྐྱེན་གྱིས་ཁོང་ལ་འབར་མའི་དྲག་པོའི་གཞུང་གིས་ཁྱིམ་ཚང་དུ་དོ་དམ་བཀག་ཉར་བྱེད་པའི་དུས་བཀག་རིང་ལ་ཉེས་ཅན་གྱི་ལས་ཀ་བྱས་པའི་ནག་ཉེས་བཙུགས་པའི་གྱོད་དོན་ཁྲིམས་ཁང་དུ་ཞུ་གཏུགས་བྱས་པར་གཉིས་ཀར་ཕམ་ཉེས་བྱུང་བ་མ་ཟད། ལོ་གསུམ་གྱི་ངལ་རྩོལ་བསྒྱུར་བཀོད་དང་བཙོན་འཇུག་ཉེས་ཆད་བཏང་ཡོད་ཀྱང༌། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབར་མའི་དྲག་པོའི་གཞུང་གི་ཐག་གཅོད་ལ་སྐྱོན་བརྗོད་བྱས་པར་བརྟེན་ནས། ཁྲིམས་བཤེར་ཕྱིར་འཐེན་བྱས་ཡོད་ཀྱང་ཁྱིམ་ཚང་དུ་དོ་དམ་བཀག་ཉར་བྱེད་པའི་དུས་ཡུན་བསྐྱར་དུ་ཟླ་བ་༡༨རིང་དུ་བཏང་ཡོད་པ་རེད། ད་རེས་མཐོ་རིམ་ཁྲིམས་ཁང་དུ་ཞུ་གཏུགས་བྱས་ཏེ། ཁོང་གི་གྱོད་དོན་ཐོག་ལ་དམིགས་བསལ་ཁྲིམས་ཁང་དེ་ནས་དགོངས་བཞེས་ཡོང་བའི་རེ་བ་བྱེད་ཀྱི་ཡོད་པ་རེད། དགུང་གྲངས་༦༤ཕེབས་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨང་སང་སུ་སྐྱི་ནི། འདས་པའི་མི་ལོ་༢༠ནང་བཙོན་འཇུག་དང་མང་ཆེ་བ་ཁྱིམ་ཚང་ནས་རང་དབང་གིས་འགྲོ་བསྐྱོད་མི་ཆོག་པར་དོ་དམ་བཀག་ཉར་བྱེད་བཞིན་ཡོད་པ་དེ་ཡིས། འབར་མའི་དྲག་པོའི་གཞུང་གིས་འདི་ལོར་དམངས་གཙོའི་ལམ་སྲོལ་གྱི་ཐོག་ནས་རྒྱལ་ཡོངས་འོས་བསྡུའི་ལས་འདོན་སྤེལ་རྒྱུའི་ཁས་ལེན་བྱས་པ་བཞིན། ལྕམ་ཨང་སང་སུ་སྐྱི་འོས་བསྡུའི་ལས་དོན་ནང་མཉམ་ཞུགས་བྱེད་ཐབས་མེད་པ་བཟོས་ཡོད་པ་རེད།